གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སོ་ནམ་པ་ཚུ་གི་དོན་ལུ་ ཚོགས་རྒྱན་བཙུགས་པར་འགྱོ་ནི་ལས་ འབུབ་སྨན་གཏོར་ནི་དེ་ གལ་ཆེ་བའི་གནས་སྟངས།

༣༡/༥/༢༠༡༣   ༉ སྤ་རོ་ལུ་ སོ་ནམ་པ་མང་ཤོས་ར་ ཚོགས་རྒྱན་བཙུགས་པར་འགྱོ་ནིའི་ ཚ་གྱང་མེན་པར་ ཁོང་རའི་ལོ་ཐོག་ཚུ་ ཨར་མི་ཝཱམ་ཟེར་མི་ འབུབ་ཚུ་གིས་ མེདཔ་བཏང་མི་ལུ་ ཚ་གྱང་ལང་དོ་ཡོདཔ་ཨིན་པས།

གཞུང་ལས་མ་དངུལ་ཡོད་རུང་ མི་སེར་ཚུ་ལས་ ཏི་རུ་བསྡུ་འབག་པའི་ཁ་ཉེས།

༣༡/༥/༢༠༡༣   ༉ སྤ་རོ་ནཱ་རྒྱ་རྒེད་འོག་ བེམ་པུ་གཡུས་ཚན་ནང་ སོ་ནམ་ཞིང་ལམ་ཅིག་ སེལ་བའི་བསྒང་ཡོད་མི་དེ་ལུ་ ད་ལྟོ་ཚུན་ གཡུས་ཚན་གྱི་ ཁྱིམ་གུང་རེ་ལས་ ཧ་ལམ་དངུལ་ཀྲམ་༥༠,༠༠༠ དེ་རེ་ བསྡུ་འབག་ཡོད་པའི་ ཉོགས་བཤད་བཀོདཔ་ཨིན་པས།

གནས་ཚུལ་མདོར་བསྡུས།

༣༡/༥/༢༠༡༣
བཙག་འཐུའི་བཅའ་ཁྲིམས་དང་འཁྲིལ་ ཁ་ཙ་ ཕྱི་རུའི་ཆུ་ཚོད་༦ ལས་ འགོ་བཙུགས་ཏེ་ དུས་ཡུན་ཆུ་ཚོད་༢༤ གི་རིང་ ཕུན་ཚོགས་གླིང་གི་སྒོ་ར་ བསྡམས་ཡོད་པའི་གནས་ཚུལ།

སྒོམ་རྐྱབ་སའི་ ཁང་མིག་བསྒྲུབས་མི་གིས་ ཕན་ཐོགས་འབྱུང་ནི།

༣༡/༥/༢༠༡༣   ༉ ཐིམ་ཕུ་ལུ་ཡོད་མི་ འཇིགས་མེད་བློ་གསལ་སློབ་གྲྭ་ཆུང་བ་གིས་ སྒོམ་རྐྱབ་སའི་ཁང་མིག་ཅིག་ བསྒྲུབས་ཡོད་མི་དེ་གིས་  ཕམ་ཡ་བྲལ་སོང་མིའི་ ཨ་ལུ་ཚུ་དང་ སློབ་གྲྭའི་ན་གཞོན་ཚུ་ལུ་ སྒོམ་རྐྱབ་ནི་གི་ གོ་སྐབས་བྱིན་ཚུགས་ནི་ཨིན་པས།
སྒོམ་རྐྱབ་སའི་ཁང་མིག་ཚུ་ སྒོ་འབྱེད་འབད་བའི་བསྒང་།

རྩི་རང་རྫོང་ཁག་ནང་ འགྲེམ་ཐོག་ཚོགས་རྒྱན་༡༦༡ ཆ་མེད་སོང་ཡོདཔ།

༣༡/༥/༢༠༡༣   ༉ སྤྱི་ཟླ་༥ པའི་ཚེས་༢༩ དང་༣༠ འི་བར་ན་ རྩི་རང་རྫོང་ཁག་གི་ ངོས་ལེན་འགོ་དཔོན་ཚུ་གིས་ སྲིད་དོན་ཚོགས་པའི་འདེམས་ངོ་དང་ ངོ་ཚབ་ཚུ་གི་གདོང་ཁར་ འགྲེམ་ཐོག་ཚོགས་རྒྱན་གྱི་ ཡིག་ཤུབས་ཀ་པ་དེ་ ཁ་ཕྱེ་བའི་སྐབས་ ཡོངས་བསྡོམས་ཚོགས་རྒྱན་གྱི་དོན་ལུ་ ཡི་གུ་བཙུགས་མི་༢༢༡༧ ཡོད་མིའི་གྲས་ལས་ ཚོགས་རྒྱན་གྱི་འོས་འབབ་ཡོད་མི་༡༨༧༥ བཞག་པའི་ལྷག་ལུས་༡༦༡ ཆ་མེད་སོང་ཡོདཔ་ཨིན་པས།

གནས་ཚུལ་མདོར་བསྡུས།

༣༡/༥/༢༠༡༣ 
ཧཱ་སྟོདཔ་ཚུ་གི་དོན་ལུ་ མེདཔ་ཐབས་མེདཔ་ཅིག་ཨིན་མི་ རྟ་དེ་ཚུ་ འདམ་ཐང་ལུ་ བདའ་འགྱོ་བའི་བསྒང་།

གྱོབ་ཤོག་གི་ ཕྱགས་སྙིགས་ཚུ་ལུ་བརྟེན་ ཅ་ཆས་ཚུ་བཟོ་དོ་ཡོདཔ།

༣༡/༥/༢༠༡༣   ༉ གྱིབ་ཤོག་དང་འབྲེལ་བའི་རིགས་ཚུ་ རང་བཞིན་གནས་སྟངས་ལུ་ གནོད་སྐྱོན་ཤུགས་སྦེ་རྐྱབ་མི་ ཕྱགས་སྙིགས་ཅིག་ཨིནམ་ད་ དེ་ཡང་ གྱིབ་ཤོག་དེ་ ས་དོང་ནང་བཙུགས་པ་ཅིན་ རུལ་མ་བཏུབ་པར་ ལོ་ངོ་༢,༥༠༠ ལྷགཔ་རེ་ སྡོད་དོ་ཡོདཔ་ད་ མེ་གཏང་པ་ཅིན་ གཟུགས་ཁམས་ལུ་ གནོད་པ་ཡོདཔ་ལས་ གྱིབ་ཤོག་དང་འབྲེལ་བའི་ཕྱགས་སྙིགས་དེ་ འཛིན་སྐྱོང་འཐབམ་ཚུགས་པའི་ དཀའ་ངལ་སྦོམ་ཡོདཔ་ཨིན་པས།
གྱོབ་ཤོག་གི་ ཕྱགས་སྙིགས་ཚུ་གིས་བཟོ་མི་ ཉེ་བར་མཁོ་བའི་ ཅ་ཆས་ཚུ།

ངོ་ཤེས་མ་ཚུགས་པའི་ ཕུངམ་མཐོང་ཡོདཔ།

༣༡/༥/༢༠༡༣   ༉ སྤྱི་ཟླ་༥ པའི་ཚེས་༢༨ ལུ་ བསམ་རྩེ་རྫོང་ཁག་འོག་གི་ ས་མཚམས་ས་གནས་ དཱའུར་པ་ནི་ དོ་བཱེན་ཟེར་ས་ལུ་ ངོ་ཤེས་མ་ཚུགསཔ་ ཐལ་ཡོད་པའི་ མི་ཅིག་གི་ ཕུངམ་མཐོང་ཡོདཔ་ཨིན་པས།
རྐྱེན་ངན་དེ་གི་སྐོར་ལས་ དྲོ་པའི་ཆུ་ཚོད་ཕྱད་དང་༡༠ དེ་ཅིག་ཁར་ བསམ་རྩེ་རྒེད་འོག་ནང་ དྲོ་པ་སློབ་གྲྭ་ནང་འགྱོ་མི་ སློབ་ཕྲུག་ཚུ་གིས་ དྲིམ་ཚོར་ཏེ་ བལྟ་བར་འགྱོཝ་ད་ གཙང་ཆུའི་མཐའ་མར་ ཚལ་མ་ནང་མཐོངམ་ལས་ རྒེད་འོག་ལུ་ བརྡ་ལེན་འབད་ཞིནམ་ལས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།


དགེ་ལེགས་ཕུག་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་གི་ བཟོ་སྐྲུན་ལཱ་ཚུ་ འཕྲལ་མགྱོགས་ར་ འགོ་བཙུགས་ནི།

༣༡/༥/༢༠༡༣   ༉ གསོ་བའི་ལྷན་ཁག་གི་ འགོ་དཔོན་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ དགེ་ལེགས་ཕུག་ ལུང་ཕྱོགས་གཙོ་བསྟེན་སྨན་ཁང་གི་ བཟོ་སྐྲུན་ལཱ་ཚུ་ འཕྲལ་མགྱོགས་ར་ འགོ་བཙུགས་ནི་ཨིན་ཟེར་ཨིན་པས།
གསོ་བའི་ལྷན་ཁག་གི་ གསོ་བའི་མཁོ་ཆས་གོང་འཕེལ་སྡེ་ཚན་ནང་ལས་ བཟོ་སྐྲུན་གྱི་ ལས་འགུལ་འཛིན་སྐྱོང་པ་ སཱ་བཱིར་ གུ་རུང་གིས་ སླབ་མིའི་ནང་ མ་དངུལ་ དངུལ་ཀྲམ་ས་ཡ་༦༡༩.༥༦༢ གནས་མི་ བཟོ་སྐྲུན་གྱི་ལཱ་དེ་ སྨིན་དྲུག་བཟོ་སྐྲུན་ལས་སྡེ་ལུ་ སྤྲོད་ཡོདཔ་ལས་ དུས་ཅི་ སྤྱི་ཟླ་༦ པའི་ཟླ་ཕྱེད་ལས་ འགོ་བཙུགས་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།

སྨན་ཁང་གསརཔ་རྐྱབ་ནིའི་དོན་ལུ་ བཤིག་གཏང་ནི་ཨིན་མི་ སྒྲིང་ཁྱིམ་རྙིངམ་ཚུ།

བཙག་འཐུའི་ལས་བྱེདཔ་ཚུ་ སྐྱེལ་འདྲེན་འབད་ནི་གི་ གོ་སྐབས་ཐོབ་མ་ཚུགསཔ།

༣༡/༥/༢༠༡༣   ༉ སྐྱེས་ལོ་༣༤ ལང་མི་ གླ་འཁོར་བཏང་མི་ ཨྱོན་གྱིས་ ཨ་རྟག་འབད་བ་ཅིན་ དྲོ་པའི་ཆུ་ཚོད་༨ དེ་ཅིག་ལུ་མ་གཏོགས་ ལོང་ནི་མེད་རུང་ ད་རེས་ནངས་པ་ དྲོ་པའི་ཆུ་ཚོད་༥ ལས་ར་ལོང་སྟེ་ གླ་འཁོར་བཞག་སའི་ས་ཁོངས་ནང་ འགྱོ་སར་མཐོང་མི་དེ་ཡང་ ད་རེས་ནངས་པ་ བཙག་འཐུའི་འུར་བྱེལ་ལུ་བརྟེན་ བཙག་འཐུའི་སྒྲིག་གཡོག་ནང་ བཅའ་མར་གཏོགས་མི་ཚུ་ ཕར་ཚུར་སྐྱེལ་འདྲེན་འབད་དོ་ཡོད་མི་ལུ་བརྟེན་ཨིན་པས།
མོང་སྒར་གྱི་ གླ་འཁོར་ཚུ།

ལྷུན་རྩེ་ལུ་ འགྲེམ་ཐོག་ཚོགས་རྒྱན་བརྒྱ་ཆ་༩༥ མཐར་འཁྱོལ་བྱུང་ཡོདཔ།

༣༡/༥/༢༠༡༣   ༉ ལྷུན་རྩེ་རྫོང་ཁག་གི་ སྨན་སྦིས་བཙན་མཁར་དང་ སྒང་ཟུར་སྨིན་རྗེ་འདེམས་ཁོངས་༢ ཀྱིས་ འགོ་ཐོག་བཙག་འཐུ་གི་ འདེམས་ངོ་ཚུ་གི་དོན་ལུ་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་ བརྒྱ་ཆ་༩༥ གིས་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས།

རྩོམ་སྒྲིག་པའི་སྣང་འཆར།

༣༡/༥/༢༠༡༣   དྲན་ཤེས་ཐོག་ལས་ རང་སོའི་ཚོགས་རྒྱན་ བཙུགས་གནང་དགོཔ།
༉ ད་རིས་ སྤྱི་ཚོགས་༢ པའི་ རྒྱལ་ཡོངས་ཚོགས་འདུའི་ འགོ་ཐོག་བཙག་འཐུ་འབད་ནི་གི་ དམིགས་བསལ་གྱི་ཉིནམ་ཅིག་ཨིནམ་ལས་བརྟེན་ རྒྱལ་ཁབ་མཐའ་དབུས་མེད་པའི་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་ཚུ་ལུ་ རང་སོའི་ གསང་བའི་ཚོགས་རྒྱན་བཙུགས་བཅུག་ནིའི་དོན་ལས་ གཞུང་སྒེར་ལས་འཛིན་གྱི་ ཡིག་ཚང་ཚུ་དང་ སྦྱོང་བརྡར་སྤེལ་ཁང་ སློབ་གྲྭ་ དེ་ལས་ ཚོང་འབྲེལ་ལས་ཁང་ཚུ་ ཆ་མཉམ་ར་ ངལ་གསོ་བཞགཔ་ཨིན་མས།

གནས་ཚུལ་མདོར་བསྡུས།

༣༡/༥/༢༠༡༣ 
སྤ་རོ་ལུ་ བཙག་འཐུ་འགོ་དཔོན་ཚུ་གིས་ འགྲེམ་ཐོག་ཚོགས་རྒྱན་ལྷོད་མི་ཚུ་ དབྱེ་ཞིབ་འབད་བའི་ཤུལ་ལས་ ཚོགས་རྒྱན་སྒྲོམ་ཚུ་ ཁ་བསྡམས་ཏེ་ མཐིའུ་རྐྱབ་པའི་བསྒང་།


གཞལམ་སྒང་ལུ་ འགྲེམ་ཐོག་ཚོགས་རྒྱན་བསྡོམས་༡,༦༧༠ ལྷོད་མི་ལས་༧༢ ཆ་མེད་བཏང་ཡོདཔ།

༣༡/༥/༢༠༡༣   ༉ གཞལམ་སྒང་རྫོང་ཁག་ནང་ འདེམས་ཁོངས་༢ ཡོད་མི་དང་འཁྲིལ་ ཀྲོང་-བར་དོ་འདེམས་ཁོངས་ནང་ འགྲེམ་ཐོག་ཚོགས་རྒྱན་བསྡོམས་༡,༦༧༠ ལྷོད་ཡོདཔ་ཨིན་རུང་༧༢ ཆ་མེད་བཏང་ཡོདཔ་ཨིན་པས།

གནས་ཚུལ་མདོར་བསྡུས།

༣༠/༥/༢༠༡༣
བུམ་ཐང་ལུ་ བཙག་འཐུ་འགོ་དཔོན་ཚུ་གིས་ རྫོང་ཁག་གི་ ས་གནས་ཁག་ཚུ་ནང་ བསྐྱལ་ནི་ཨིན་མི་ ཚོགས་རྒྱན་འཕྲུལ་ཆས་༤༡ མཐིའུ་རྐྱབ་ཐོག་ལས་ གྲ་སྒྲིག་བཟོ་བའི་བསྒང་།

བཀྲིས་སྒང་རྫོང་ཁག་ནང་ འགྲེམ་ཐོག་ཚོགས་རྒྱན་༥,༣༠༡ ལྷགཔ་ཅིག་ལྷོད་ཡོདཔ།

༣༠/༥/༢༠༡༣   དེ་ལས་ བཀྲིས་གཡང་རྩེ་རྫོང་ཁག་གིས་ འགྲེམ་ཐོག་ཚོགས་རྒྱན་༡,༨༠༠ དེ་ཅིག་ཐོབ་ཡོདཔ།
༉ ཁ་ཙ་ ཕྱི་རུའི་ཆུ་ཚོད་༥ ཚུན་ཚོད་ བཀྲིས་སྒང་རྫོང་ཁག་ནང་ རྒྱལ་ཡོངས་ཚོགས་འདུའི་ འགོ་ཐོག་བཙག་འཐུའི་དོན་ལུ་ རྒྱལ་ཁབ་ཀྱི་ ས་གནས་མཐའ་དབུས་མེདཔ་ལས་ འགྲེམ་ཐོག་ཚོགས་རྒྱན་༥,༣༠༡ ལྷགཔ་ཅིག་ ལྷོད་མི་དེ་ རྫོང་ཁག་༢༠ ནང་ལས་ མཐོ་ཤོས་ཅིག་ འོང་ནི་ཨིན་པས།

སྲིད་དོན་ཚོགས་པ་ཚུ་གིས་ བསྐུལ་བསྒྲགས་ཀྱི་ལས་རིམ་མཇུག་བསྡུ་ཡོདཔ།

༣༠/༥/༢༠༡༣   ༉ སྲིད་དོན་ཚོགས་པ་༤ གིས་ སྒོ་བཤལ་ལྟ་སྐོར་ཐོག་ལས་ ཁས་བླངས་འབད་མི་ཚུ་ མཇུག་བསྡུ་ཡོདཔ་ལས་ ནངས་པ་ ཚོགས་རྒྱན་བཙུགས་མི་ཚུ་ལ་ རག་ལས་ནི་ཨིན་པས།
སྤྱི་ཟླ་༥ པའི་ཚེས་༦ ལས་འགོ་བཙུགས་མི་ སྤྱིར་བཏང་གྲོས་འཛོམས་མཇུག་བསྡུ་མི་དང་འབྲེལ་ ཚོགས་པའི་གཙོ་འཛིན་ཚུ་གིས་ ཧེ་མ་ལས་ ལྷོད་མ་མྱོང་བའི་ ས་གནས་ཚུ་ནང་ ཁ་ཉིནམ་ཚུན་ བསྐུལ་བསྒྲགས་འབད་བར་ སོང་ཡོདཔ་ད་ འབྲུག་སྤྱིར་དབང་ཚོགས་པའི་གཙོ་འཛིན་ ལི་ལི་དབང་ཕྱུག་གིས་ སྤ་རོ་དང་ ཧཱ་ལུ་སོང་བའི་ཤུལ་ལས་ ཁ་ཉིནམ་ཐིམ་ཕུ་ལུ་ ལོག་འོང་ཡོདཔ་ད་ མོ་གིས་ རྫོང་ཁག་༡༧ ནང་ བསྐུལ་བསྒྲགས་འབད་ཡོདཔ་ཨིན་པས།


གནས་ཚུལ་མདོར་བསྡུས།

༣༠/༥/༢༠༡༣
དུས་ཅི་ ཧཱ་ལུ་ རྒེད་འོག་༣ གྱི་ དཀར་ཞིང་ཚུ་ནང་ འབུབ་ཚུ་གིས་ གནོད་སྐྱོན་སྦོམ་རྐྱབ་ཡོདཔ་ལས་ མི་སེར་སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པའི་གནས་ཚུལ།
 

འབྲུག་སྤྱིར་དབང་ཚོགས་པའི་བསྐུལ་བསྒྲགས་ ཧཱ་ལས་མཇུག་བསྡུ་ཡོདཔ།

༣༠/༥/༢༠༡༣   ༉ འབྲུག་སྤྱིར་དབང་ཚོགས་པ་གིས་ བདུན་ཕྲག་༣ གྱི་རིང་ བསྐུལ་བསྒྲགས་འབད་བའི་ཤུལ་ལུ་ ཚོགས་པའི་ གཙོ་འཛིན་དེ་ འབྲུག་པའི་མི་མེནམ་ད་ མགུ་ཏོ་ཁ་ སྐྱ་རྫུན་མ་བཙུགས་ཡོདཔ་བའི་སྐོར་ལས་ ཁ་བཏང་མི་དེ་ མི་བདེན་ཟེར་ ཧཱ་གི་ མི་སེར་ཚུ་ལུ་བཤད་ཡོདཔ་ཨིན་པས།

འབྲུག་རྗེས་སྒང་-རྩེ་བཟང་གི་བསྐུལ་བསྒྲགས་དེ་ མཇུག་ཨིནམ།

༣༠/༥/༢༠༡༣   ༉ ཕྱི་རུའི་ཆུ་ཚོད་༥ དེ་ཅིག་ཁར་ མི་སེར་དམངས་གཙོ་ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས་ཀྱིས་ རྒྱབ་སྐྱོར་འབད་མི་ མི་གྲངས་༧༠ དེ་ཅིག་གིས་ རྫོང་ཁག་ཡར་རྒྱས་ཚོགས་འདུའི་ ཞལ་འཛོམས་ཁང་ནང་འཛོམས་སར་ལྷོད་ཡོདཔ་ཨིན་པས།

མོང་སྒར་གྱི་ འདེམས་ཁོངས་༣ ནང་ བསྐུལ་བསྒྲགས་འབད་ཚར་ཡོདཔ།

༣༠/༥/༢༠༡༣   ༉ མོང་སྒར་རྫོང་ཁག་གི་ འདེམས་ཁོངས་༣ གྱི་ འདེམས་༡༢ ཀྱི་གྲས་ལས་ འདེམས་ངོ་མང་ཤོས་ཅིག་གིས་ ཁོ་རའི་ ཚོགས་པའི་ལྟ་བ་དང་ དམིགས་ཡུལ་ཚུ་ མི་སེར་ཚུ་ལུ་ བསྐུལ་བསྒྲགས་འབད་དེ་ བདུན་ཕྲག་༢ དེ་ཅིག་ལང་བའི་ཤུལ་ལུ་ ཁ་ཙ་ལས་ ངལ་གསོ་སྡོད་ནི་ཐོབ་ཡོདཔ་ད་ དེ་ཡང་ བསྐུལ་བསྒྲགས་འབད་ཚར་མི་ལུ་བརྟེན་ཨིན་པས།

དོ་འགྲན་ཅན་གྱི་གྲོས་འཛོམས་ལས་རིམ།

༣༠/༥/༢༠༡༣   ༉ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ མར་ཚ་ལ་རྒེད་འོག་ནང་ སྤྱིར་བཏང་གྲོས་འཛོམས་ཀྱི་སྐབས་ལུ་ འདེམས་ངོ་གཅིག་གིས་གཅིག་ལུ་ གནད་དོན་ཚུ་གི་སྐོར་ གྲོས་བསྡུར་དོ་འགྲན་ཅན་སྦེ་ར་བྱུང་ཡོདཔ་ད་ གྲོས་འཛོམས་ཀྱི་སྐབས་ལུ་ གློག་མེའི་རྒྱུན་ལམ་ཆད་སོང་མི་ལུ་བརྟེན་ བར་མཚམས་བཞག་དགོཔ་བྱུང་ཡོདཔ་ཨིན་པས།
ཚོགས་པའི་འདེམས་ངོ་༤ གིས་ བསྐུལ་བསྒྲགས་འབད་བའི་བསྒང་།

རྩོམ་སྒྲིག་པའི་སྣང་འཆར།

༣༠/༥/༢༠༡༣   བཙག་འཐུའི་དུས་ཚོད་ལུ་བརྩི་མཐོང་།
༉ ཁ་ཙ་ དྲོ་པའི་ཆུ་ཚོད་༩ ལས་འགོ་བཙུགས་ཏེ་ དུས་ཡུན་ཆུ་ཚོད་༤༨ ཀྱི་རིང་ སྲིད་དོན་ཚོགས་པ་དང་ བརྡ་བརྒྱུད་ མི་མང་གིས་ བཙག་འཐུ་དང་འབྲེལ་བའི་ བསྐུལ་བསྒྲགས་འབད་ནི་ཚུ་ མཚམས་འཇོག་འབད་ཡོད་མི་དེ་ཡང་ བཙག་འཐུའི་བྱ་རིམ་ཚུ་ རང་མོས་དང་ རྣམ་དག་ཐོག་ལས་ འགོ་འདྲེན་འཐབ་ཚུགས་ནིའི་དོན་ལུ་ཨིན་མས།

ལྷུན་རྩེ་རྫོང་ཁག་གི་ མི་སེར་ཚུ་གིས་ ཚོགས་པ་ག་ལུ་ གདམ་ཁ་རྐྱབ་ནི་ཨིན་ན་ སེམས་ཐག་བཅད་ཚར་ཡོདཔ།

༣༠/༥/༢༠༡༣   ༉ ནངས་པར་ སྤྱི་ཚོགས་༢ པའི་ རྒྱལ་ཡོངས་ཚོགས་འདུའི་བཙག་འཐུ་ འགོ་འདྲེན་འཐབ་ནི་ཨིནམ་ལས་ ལྷུན་རྩེ་རྫོང་ཁག་གི་ མི་སེར་མང་ཤོས་ཅིག་གིས་ སླབ་མིའི་ནང་ ད་ལྟོ་ཚུན་ སྲིད་ཚོགས་ཀྱི་འདེམས་ངོ་དང་ ཚོགས་པའི་གཙོ་འཛིན་ཚུ་གིས་ ཁོང་རའི་ཚོགས་པའི་ལྟ་བ་དང་ གཞི་རྩ་ ཁས་བླངས་གསལ་བསྒྲགས་ཚུ་ ལེགས་ཤོམ་སྦེ་ ཧ་གོ་ཡོདཔ་ལས་བརྟེན་ སྤྱིར་བཏང་བཙག་འཐུའི་དོན་ལུ་ ཁོང་རའི་ཧོངས་ལས་ ཚོགས་པ་ག་ གདམ་ཁ་རྐྱབ་ནི་ཨིན་ན་ སེམས་ཐག་བཅད་ཚར་ཏེ་ ཡོད་ཟེར་ཨིན་པས།
བསྐུལ་བསྒྲགས་ནང་འོང་མི་ ལྷུན་རྩེའི་མི་སེར་ཚུ།

མི་སེར་ཚུ་ སྲིད་དོན་ནང་ དྲན་པ་ཁུག་ཡོད་པའི་མངོན་གསལ།


༢༩/༠༥/༢༠༡༣ བཀྲིས་སྒང་རྫོང་ཁག་གི་ སྤྱིར་བཏང་གྲོས་འཛོམས་ ཁ་ཙ་མཇུག་བསྡུ་ཡི།


ཁྲིམས་ཤིང་འདེམས་ཁོངས་ཀྱི་ སྲིད་ཚོགས་༤ གི་འདེམས་ངོ་ཚུ།
༉ ཁ་ཙ་ལས་ བཀྲིས་སྒང་རྫོང་ཁག་གི་ བསྐུལ་བསྒྲགས་དང་འབྲེལ་བའི་ སྤྱིར་བཏང་གྲོས་འཛོམས་དེ་ ཝམ་རོང་འདེམས་ཁོངས་ལས་སྦེ་ མཇུག་བསྡུ་ཡོདཔ་བཞིན་དུ་ འགོ་ཐོག་བཙག་འཐུའི་ ཚོགས་རྒྱན་བཙུགས་ནི་གི་ དུས་ཡུན་ཉིནམ་གཉིས་མ་གཏོགས་མེདཔ་ཨིན་རུང་ ཁྲིམས་ཤིང་དང་ ཀླུ་མང་རྒེད་འོག་གཉིས་ཀྱི་ མི་སེར་མང་ཤོས་ཅིག་གིས་ སྲིད་དོན་ཚོགས་པ་ག་ལུ་ ཚོགས་རྒྱན་བཙུགས་ནི་ཨིན་ན་ ད་ལྟོ་ ཐག་མ་བཅད་པར་ཡོད་ཟེར་ སླབ་ཨིན་པས།

གནས་ཚུལ་མདོར་བསྡུས།

༢༩/༥/༢༠༡༣
དབང་འདུས་ཕོ་བྲང་ལས་ སྒོ་ནོར་སེམས་ཅན་ཚུ་ གནམ་དགུན་གྱི་དུས་ཚོད་ལུ་ ཐིམ་ཕུ་ཕོ་ཇོ་སྡིངས་ལུ་དང་ གནམ་བྱཱར་གྱི་དུས་ཚོད་ལུ་ དབང་འདུས་ཕོ་བྲང་ལུ་ བྱང་ས་སྤོ་བཤུད་འབད་སྲོལ་ཡོད་མི་དང་འཁྲིལ་ ཁ་ཙ་ སྒོ་ནོར་ཚུ་ ལྕང་ཟམ་ཏོག་བརྒྱུད་དེ་ ཕ་ཇོ་སྡིངས་ལུ་ འགྱོ་བའི་བསྒང་ཨིནམ་ད་ ནོར་རྫིཔ་ཚུ་གིས་ སླབ་མིའི་ནང་ དབང་འདུས་ལས་ ཕ་ཇོ་སྡིངས་ཚུན་ བདུན་ཕྲག་༡ འགོརཝ་མས་ཟེར་བའི་གནས་ཚུལ།

བཙག་འཐུའི་སྡེ་ཚན་ཅིག་ ལུང་ནག་ནང་ལུ་ལྷོད་ཡོདཔ།

༢༩/༥/༢༠༡༣   ༉ བཙག་འཐུ་འགོ་དཔོན་དང་ འཐུས་མི་སྡེ་ཚན་ཅིག་གིས་ ཉིན་གྲངས་༧ གྱི་རིང་ ཁཝ་དང་ཆར་པའི་ནང་ ལམ་འགྱོ་སྟེ་ ཞག་ག་ལྷོད་སར་ སྡོད་པའི་ཤུལ་ལས་ སྤྱི་ཟླ་༥ པའི་ཚེས་༢༦ ལུ་ ལུང་ནག་ནང་ལུ་ ལྷོད་ཡོདཔ་ཨིན་པས།

ལུང་ནག་ནང་ལུ་ ཚོགས་རྒྱན་བཙུགས་མི་༡༨ དེ་ཅིག་ལུ་ ཉིན་འཐུས་བྱིན་ནི།

༢༩/༥/༢༠༡༣   ༉ བཙག་འཐུ་ལྷན་ཚོགས་ཀྱིས་ མགར་ས་རྫོང་ཁག་ ལུང་ནག་ནང་རྒེད་འོག་ དབུས་ས་ན་གཡུས་ཚན་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་༡༨ དེ་ཅིག་ལུ་ འགོ་ཐོག་བཙག་འཐུའི་དོན་ལུ་ ཉིན་གྲངས་༦ གི་ ཉིན་འཐུས་བྱིན་ནི་ཨིན་པས།

གསང་སྦས་ཁའི་འདེམས་ངོ་ ཚེ་རིང་སྟོབས་རྒྱས་ལུ་ མི་སེར་ཚུ་གིས་ བྱོན་ཞུ་འབད་ཡོདཔ།

༢༩/༥/༢༠༡༣   ༉ ཁ་ཙ་ ཧཱ་གསང་སྦས་ཁའི་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ ཚེ་རིང་སྟོབས་རྒྱས་ ཧཱ་ལུ་ལྷོད་པའི་སྐབས་ མི་ཚུ་གིས་ གཞུང་ལམ་གྱི་ གཡས་དང་གཡོན་ལུ་སྡོད་དེ་ བྱོན་ཞུ་འབད་ཡོད་པའི་ཁར་ བྱེང་ཀ་ནང་གི་ གྲོས་འཛོམས་ཁང་ནང་ འཛུལ་བའི་སྐབས་ སྲིད་ཚོགས་གཞན་གྱི་ འདེམས་ངོ་ཚུ་གིས་ཡང་ ཡར་ལོང་སྟེ་ གུས་ཞབས་འབད་ཡོདཔ་མ་ཚད་ སྣུམ་འཁོར་བརྡ་སྟོན་འབད་མི་ ཁྲིམས་སྲུང་འགག་པ་ཚུ་གིས་ཡང་ ས་ལམ་རྐྱབ་ཡོདཔ་ཨིན་པས།

སྲིད་ཚོགས་ལུ་ སྐྱོན་བརྗོད་འབད་མི་ལུ་ དོགས་སེལ།

༢༩/༥/༢༠༡༣   ༉ ཁྱེད་མི་སེར་ཚུ་གི་ རྒྱབ་སྐྱོར་ལུ་བརྟེན་ འབྲུག་སྤྱིར་དབང་ཚོགས་པ་དེ་ གོང་འཕེལ་འགྱོ་བའི་སྐབས་ སྲིད་ཚོགས་ལུ་ ཁ་བཏང་མི་ཡང་ ལེ་ཤ་ཅིག་ར་ ཐོནམ་ཨིན་མས་ཟེར་ ཁ་ཉིནམ་ རྒྱལ་གཞུང་ཟློས་གར་སློབ་སྦྱོང་ལྟེ་བའི་ སྤྱི་དོན་ཁང་ནང་སྦེ་ ཚོགས་པའི་རྒྱབ་སྐྱོར་པ་ཚུ་དང་ གྲོས་འཛོམས་འཚོགས་པའི་སྐབས་ སྲིད་ཚོགས་ཀྱི་གཙོ་འཛིན་ ལི་ལི་དབང་ཕྱུག་གིས་ སླབ་ཨིན་པས།

བཙག་འཐུ་དང་འབྲེལ་བའི་འུར་བྱེལ་དེ་ རྩོད་བསྡུར་གྱི་གཞི་གནས་ཨིནམ།

༢༩/༥/༢༠༡༣    ༉ ང་བཅས་རའི་རྒྱལ་ཁབ་ནང་ སྔོན་དང་ཕུ་དང་མ་འདྲ་བའི་ སྤྱི་ཚོགས་ཀྱི་ལམ་ལུགས་གསརཔ་གཞི་བཙུགས་འབད་དེ་ ལོ་༥ ལང་པའི་ཤུལ་ལུ་ ད་རུང་ བཙག་འཐུ་ཐེངས་༢ པའི་འགོ་ཐོག་ཚོགས་རྒྱན་བཙུགས་ནི་གི་ཉིནམ་དེ་ སྦོ་ལོགས་ཁ་ལུ་ར་ལྷོད་ཡོདཔ་བཞིན་དུ་ ས་གནས་ག་ཏེ་འགྱོ་རུང་ ག་ཏེ་སྡོད་རུང་ མི་སེར་ཚུ་ སྡེ་ཚན་བཟོ་ཞིནམ་ལས་ སྲིད་དོན་ཚོགས་པ་༤ དང་ འདེམས་ངོ་ཚུ་གི་སྐོར་ལས་ ལོ་རྒྱུས་སླབ་སྡོད་པའི་བར་ན་ རྩོད་བསྡུར་རྐྱབ་ནི་གུ་ ལྷོད་དོ་ཡོདཔ་ཨིན་པས།

མི་རྩིས་དང་འབྲེལ་བའི་ཉོགས་བཤད་ཀྱི་སྙན་ཞུ་ རྫོང་ཁག་ནང་བཏང་ཡོདཔ།

༢༩/༥/༢༠༡༣   ༉ ནང་སྲིད་ལྷན་ཁག་འོག་གི་ ཞི་བའི་ཐོ་བཀོད་དང་ མི་རྩིས་ལས་ཁུངས་ཀྱིས་ གཞལམ་སྒང་རྫོང་ཁག་ ཝམ་གླིང་གཡུས་ཚན་གྱི་ ཁྱིམ་གུང་ཅིག་ནང་ མི་༣ གྱི་མི་རྩིས་ཐེབས་བཙུགས་ཡོདཔ་སྦེ་ ཉོགས་བཤད་བཀོད་མི་ལུ་ མི་རྩིས་འགོ་དཔོན་དང་ རྫོང་ཁག་གི་ འགོ་དཔོན་ཚུ་གིས་ ཞིབ་དཔྱད་ཚུ་ མཐིལ་ཕྱིན་འབད་དེ་ སྙན་ཞུ་ཚུ་ རྫོང་ཁག་ནང་ བཏང་ཡོདཔ་ཨིན་པས།

རྩི་རང་གི་ ཚོགས་རྒྱན་འགོ་དཔོན་ཚུ་ ཚོགས་རྒྱན་ས་ཁོངས་ནང་ འགྱོ་ནི་འགོ་བཙུགས་ཡོདཔ།

༢༩/༥/༢༠༡༣   ༉ རྩི་རང་རྫོང་ཁག་འོག་གི་ ས་ཐག་རིང་ཤོས་ཅིག་ཨིན་མི་ རྩི་རང་སྟོད་དང་ གསེར་གྱི་ཐང་ དེ་ལས་ ཕུན་བརྟན་ཆུ་རྒེད་འོག་༣ གྱི་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ བཙག་འཐུ་འགོ་དཔོན་ཚུ་ ཁ་ཙ་ལས་ རང་སོའི་ ཚོགས་རྒྱན་ས་ཁོངས་ཚུ་ནང་ སོང་ཡོདཔ་ཨིན་པས།

མི་མང་གི་བསམ་འཆར།

༢༩/༥/༢༠༡༣   རང་མོས་རྣམ་དག་ཐོག་ལས་ ཚོགས་རྒྱན་བཙུགས་པའི་རེ་སྨོན།
༉ ད་རེས་ནངས་པ་ རྒྱལ་ཁབ་མཐའ་དབུས་མེད་པར་ ཆང་ཁང་ཆུང་ཀུ་ཅིག་ལས་ འགོ་བཟུང་སྟེ་ ཁྲོམ་ཚོགས་ཚུ་ནང་ ག་ཏེ་འགྱོ་བལྟ་རུང་ མི་ཚུ་གཅིག་ཁར་འཛོམས་ཏེ་ སྲིད་དོན་ཚོགས་པ་ཚུ་གི་སྐོར་ལས་ སྐྱོན་དང་ཡོན་ཏན་དང་ བསྟོད་པ་དང་སྨད་པ་ཚུ་རྐྱབ་སྟེ་ བཤད་ཐོ་བཏང་སར་ མཐོངམ་མས་ཟེར་ཞུ་ནི།

ཐིམ་ཕུའི་ སྤྱིར་བཏང་གྲོས་འཛོམས་མཇུག་དེ་ དོ་འགྲན་ཅན་ཅིག་སྦེ་མཐོང་ཡོདཔ།

༢༩/༥/༢༠༡༣   ༉ སྤྱི་ཟླ་༥ པའི་ཚེས་༢༦ ལུ་ ཀ་ཝང་རྒེད་འོག་གི་ རང་བཞིན་སླར་འབྱུང་ཐོན་སྐྱེད་ཡིག་ཚང་ནང་སྦེ་ ཐིམ་ཕུ་ བྱང་ཕྱོགས་འདེམས་འཁོངས་ཀྱི་དོན་ལུ་ སྤྱིར་བཏང་ གྲོས་འཛོམས་འཚོགས་པའི་སྐབས་ སྲིད་ཚོགས་༤ པོ་ཆ་རའི་་འདེམས་ངོ་ཚུ་ ལྕོགས་གྲུབ་འདྲན་འདྲ་ཡོདཔ་སྦེ་ མཐོང་ཡོདཔ་ཨིན་པས།
Add caption

དབང་འདུས་ཀྱི་ བཙག་འཐུ་འགོ་དཔོན་ཚུ་ ཚོགས་རྒྱན་ ས་ཁོངས་ཚུ་ནང་ འགྱོ་ནི་འགོ་བཙུགས་ཡོདཔ།

༢༩/༥/༢༠༡༣   ༉ དམངས་གཙོའི་གཞུང་གི་བཙག་འཐུ་ ཐེངས་༢ པ་ འགོ་འདྲེན་འཐབ་ནི་དེ་ ཉིནམ་༢ ལས་བརྒལ་མེད་ནི་དེ་གིས་ ཁ་ཙ་ལས་ དབང་འདུས་ཕོ་བྲང་གི་ མཐའ་ཟུར་ས་གནས་ཚུ་ནང་ བཙག་འཐུ་འགོ་དཔོན་དང་ སྲུང་སྐྱོབ་དམག་མི་ཚུ་ རང་སོའི་ས་ཁོངས་ཚུ་ནང་ འགྱོ་ནི་འགོ་བཙུགས་ཡི།

ན་རང་སྨན་ཁང་འབྲིང་མ་རྐྱབ་མི་ ཁག་འབགཔ་གིས་ མཐོ་གཏུགས་འབད་ཡོདཔ།

༢༨/༥/༢༠༡༣   སྨན་ཁང་འབྲིང་མ་རྩ་བ་ལས་ རམ་སོ་པའི་ཤུལ་ལུ་ ལོག་བཟོ་སྐྲུན་འབད་མི་དེ་ ཤུལ་མའི་ཟླཝ་ནང་ མཇུག་བསྡུ་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།
༉ སྡེ་ཚན་ག་པའི་ཁག་འབགཔ་ སྐྱེས་ལོ་༣༦ ལང་མི་ཅིག་གིས་ མོང་སྒར་རྫོང་ཁག་ ན་རང་སྨན་ཁང་འབྲིང་མ་བཟོ་སྐྲུན་དང་འབྲེལ་བའི་ ཐོག་མའི་རྫོང་ཁག་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ བསམ་པ་མ་རྫོགས་པར་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ནུག།
ད་ལྟོ་ བརྒྱ་ཆ་༩༠ དེ་ཅིག་བསྒྲུབས་མི་ ན་རང་སྨན་ཁང་གསརཔ།

འཆར་གཞི་དང་ ཁས་བླངས་འབད་མི་ཚུ་ འགྲུབ་ཚུགས་ག?

༢༨/༥/༢༠༡༣   ༉ སྲིད་དོན་ཚོགས་པ་ཚུ་གིས་ སྤྱི་ཟླ་༥ པའི་ཚེས་༣༡ ལུ་ འགོ་ཐོག་བཙག་འཐུ་ནང་ལས་ རྒྱལ་ཁ་འཐོབ་ནིའི་དོན་ལུ་ ཚོགས་པ་ཚུ་གིས་ ཁས་བླངས་འདྲ་མིན་སྣ་ཚོགས་འབད་དོ་ཡོདཔ་ཨིན་པས།
དེ་གི་ཤུལ་ལས་ སྤྱིར་བཏང་བཙག་འཐུ་ནང་ དོ་འགྲན་འབད་ནི་གི་ གོ་སྐབས་ཐོབ་མི་ཚུ་གིས་ ད་རུང་ རྒྱལ་ཡོངས་ཚོགས་འདུ་ནང་ སྡོད་ཁྲི་འཐོབ་ནིའི་དོན་ལུ་ ཁས་བླངས་ཚུ་ ད་རེས་བ་ལྷགཔ་སྦེ་ འབད་མི་འཐོན་ནི་ཨིན་པས།


འདེམས་ཁོངས་གཞན་ཁར་ བསྐུལ་བསྒྲགས་འབད་མི་ལུ་ མི་སེར་གྱིས་སྐྱོན་བརྗོད།

༢༨/༥/༢༠༡༣   ༉ འབྲུག་ཕུན་སུམ་ཚོགས་པའི་ གསང་སྤང་- ཤོམ་སྤང་ཁ་ འདེམས་ཁོངས་ཀྱི་ འདེམས་ངོ་ ནཱན་ད་ལཱལ་གྱིས་ ཁ་ཙ་ ནོར་བུ་སྒང་རྒེད་འོག་ནང་ བསམ་རྩེ་ཕུན་སུམ་དཔལ་རི་འདེམས་ཁོངས་དང་ ཕུན་སུམ་དཔལ་རི་རྒེད་འོག་གི་ མི་སེར་ཚུ་དང་ ཕྱད་པའི་ཤུལ་ལུ་ དར་དཀར་ནང་རྫོང་ཁག་ ལྷ་མོའི་ཞིང་ཁ་ དྲུང་ཁག་ནང་ ཡར་སོཔ་ཨིན་པས།
ནཱན་ད་ལཱལ་གྱིས་ ཁོ་རའི་ འདེམས་ཁོངས་ཀྱི་ མི་ཚུ་དང་གཅིག་ཁར་
ཕྱད་པའི་བསྒང་།

དུས་ཅི་ མེ་ཏོག་ཨུ་དུམ་ཝ་ར་ ཧ་སུ་ཤར་མི་ལུ་བརྟེན་ མཇལ་ནིའི་གོ་སྐབས་ ཐོབ་མ་ཚུགསཔ།

༢༨/༥/༢༠༡༣   ༉ དད་ཅན་གྱི་ མི་སེར་ཕོ་མོ་དང་ ན་གཞོན་སློབ་ཕྲུག་མང་ཤོས་ཅིག་གིས་ར་ རང་ཟླ་༤ པའི་ཚེས་༡༥ ལུ་ དུས་ཆེན་ལྔ་འཛོམས་ཀྱི་ ཉིནམ་ཁྱད་འཕགས་ཅན་ལུ་ དགོན་སྡེ་དང་ ལྷ་ཁང་ཚུ་ མཇལ་བར་སོང་བའི་ཤུལ་ལུ་ ཁྱིམ་ནང་སྤྲོ་སྣང་གི་སྒོ་ལས་ ལོག་འོངམ་ཨིན་རུང་ ཧཱ་ཡངས་ཐང་དགོན་པ་ལུ་ དཀར་མེ་ཕུལ་བར་སོང་མི་ སྐྱེས་ལོ་༤༥ ལང་མི་ རིན་ཆེན་དེ་ སེམས་ཕམ་བྱུང་ནུག།
ན་ཧིང་ དུས་ཆེན་ལྔ་འཛོམས་སྐབས་ལུ་ཤར་མི་ མེ་ཏོག་ཨུ་དུམ་ཝ་ར།

མི་སེར་དམངས་གཙོ་ཚོགས་པ་གིས་ རྩི་རང་ལུ་ ཁས་བླངས་གསལ་བཤད།

༢༨/༥/༢༠༡༣   ༉ སྤྱི་ཟླ་༥ པའི་ཚེས་༢༦ ལུ་ མི་སེར་དམངས་གཙོ་ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས་ཀྱིས་ རྩི་རང་གི་ མི་སེར་ཚུ་དང་གཅིག་ཁར་ ཕྱད་པའི་སྐབས་ལུ་ རྒེད་འོག་དང་ རྫོང་ཁག་ དེ་ལས་ སྤྱིར་བཏང་གི་འབདཝ་ད་ ཁས་བླངས་རིམ་པ་༣ འབད་ཡི།

རྩོམ་སྒྲིག་པའི་སྣངའཆར།

༢༨/༥/༢༠༡༣   སྲིད་ཀྱི་ སྔོན་བཤད་འབད་མི་ཚུ་ཡང་ མགུ་འཐོམ་དོ་ཡོདཔ།
༉ འདས་པའི་ཟླཝ་ཚུ་ནང་འབད་བ་ཅིན་ སྤྱི་ཚོགས་༢ པའི་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་རྒྱན་བཙུགས་མི་ཚུ་གིས་ གཞུང་སྐྱོང་དང་ ལྡོག་ཕྱོགས་དེ་ ཚོགས་པ་ག་གིས་ འཚོགས་ནི་ཨིན་ནའི་སྐོར་ལས་ བསམ་འཆར་འདྲ་མིན་སྣ་ཚོགས་ བཀོདཔ་ཨིན་མས།

གནས་ཚུལ་མདོར་བསྡུས།

༢༨/༥/༢༠༡༣
༉ རང་ཟླ་༤ པའི་ཚེས་༡༥ ལུ་ སྟོན་པའི་དུས་ཆེན་ལྔ་འཛོམས་དང་འབྲེལ་ གཞུང་གྲྭ་ཚང་གི་ གསུང་རབ་ཉམས་གསོ་ཡིག་ཚང་གིས་ དབང་འདུས་ཕོ་བྲང་རབ་སྡེ་ལུ་ གོང་ཚད་དངུལ་ཀྲམ་༡༥༠,༠༠༠ ལྷགཔ་ཅིག་གནས་པའི་ རྒྱལ་བའི་གསུང་རབ་ བསྟན་འགྱུར་པོ་ཏི་༢༡༣ ཞལ་འདེབས་སྦེ་ ཕུལ་ཡོདཔ་ཨིན་པས།
ཞལ་འདེབས་ཕུལ་དགོ་མི་དེ་ཡང་ འདས་པའི་ལོ་ནང་ དབང་རྫོང་མེ་མཆོད་བཞེས་པའི་སྐབས་ལུ་ བསྟན་འགྱུར་ཆ་མཉམ་ར་ མེ་མཆོད་བཞེས་ནི་དེ་གིས་ཨིན་པས།
གསུང་རབ་ཉམས་གསོའི་འགོ་དཔོན་ དཔལ་ལ་གིས་ སླབ་མིའི་ནང་ གསུང་རབ་ཉམས་གསོ་ཡིག་ཚང་གིས་ རྒྱལ་ཁབ་ནང་ གྲྭ་ཚང་དང་ བཤད་གྲྭ་ དེ་ལས་ སློབ་གྲྭ་ཚུ་ལུ་ འཛིན་རིམ་ཐོག་གི་ དཔེ་ཆའི་རིགས་ཚུ་ཡང་ ཆོས་སྦྱིན་བཟུམ་ཅིག་སྦེ་ རིན་མེད་སྟོང་པར་ བཀྲམ་སྤེལ་འབད་དོ་ཟེར་ཨིན་པས།
གསུང་རབ་ཉམས་གསོ་ཡིག་ཚང་གིས་ རྒྱལ་ཁབ་ནང་ཡོད་པའི་ དཔེ་ཆ་རྙིངམ་ཚུ་ཡང་ བསྡུ་སྒྲིག་འབད་དེ་ གློག་རིག་ཀམ་པུས་ཊར་ནང་ བཙུགས་ཐོག་ལས་ དཔེ་སྐྲུན་འབད་དེ་ དགོན་སྡེ་ཁག་ལུ་ བཀྲམ་སྤེལ་འབད་དོ་ཡོདཔ་ ཨིན་པའི་གནས་ཚུལ།

ཧཱ་རྫོང་ཁག་ནང་ ལྷ་གསརཔ་བ་ འདྲེ་རྙིངམ་དྲག་འོང་ཟེར་བའི་ འུར་བྱེལ།

༢༨/༥/༢༠༡༣   ༉ ཧཱ་རྫོང་ཁག་གི་ མི་རྒས་ཤོས་ཚུ་གིས་ འབྲུག་ཕུན་སུམ་ཚོགས་པའི་ འདེམས་ངོ་དང་ རྒྱབ་སྐྱོར་པ་ཚུ་ལུ་ ལྷ་གསརཔ་ལས་ འདྲེ་རྙིངམ་དེ་ར་དྲག་འོང་ཟེར་ སླབ་དོ་ཡོདཔ་ཨིན་པས།
སྦྱིས་དཀར་ཚོ་དབུས་སུ་ འདེམས་ཁོངས་ཀྱི་འདེམས་ངོ་ ཌོག་ཊར་ དགའ་མདོག་ཚེ་རིང་གིས་ སླབ་དོ་བཟུམ་འབད་བ་ཅིན་ དེ་བཟུམ་སྦེ་ མི་ཚུ་གིས་ རྒྱབ་སྐྱོར་ཡོད་ལུགས་ཚུ་གི་སྐོར་ལས་སླབ་ད་ སེམས་དགའཝ་མས་ཟེར་ཨིན་པས།

ཧཱ་གི་མི་སེར་ཚུ་གིས་ གསལ་བཤད་ཉན་པའི་ཤུལ་ལུ་ ལོག་ཁྱིམ་ནང་འགྱོ་བའི་བསྒང་།

མི་དབང་མཆོག་གིས་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་གསརཔ་ཚུ་ལུ་ ལེགས་དར་གནང་ཡོདཔ།

༢༧/༥/༢༠༡༣   ༉ སྤྱི་ཟླ་༥ པའི་ཚེས་༢༥ ལུ་འམ་ རང་ཟླ་༤ པའི་ཚེས་༡༥ ལུ་ སྟོན་པའི་དུས་ཆེན་ལྔ་འཛོམས་དང་འབྲེལ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཐིམ་ཕུ་བཀྲིས་ཆོས་རྫོང་ནང་སྦེ་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་གསརཔ་ཚུ་ལུ་ ལེགས་དར་གནང་ཡོདཔ་ཨིན་པས།

ཕོ་སྐྱེས་ཅིག་གིས་ ཁོ་རའི་གནས་ཚང་ བསད་པའི་དོགས་སྣང་།

༢༧/༥/༢༠༡༣   ༉ སྤྱི་ཟླ་༥ པའི་ཚེས་༢༥ ལུ་ ཆུ་ཁ་རྫོང་ཁག་ ཨ་ལེ་ཁ་མི་སྡེ་སློབ་གྲྭའི་ས་ཁོངས་ནང་ སྐྱེས་ལོ་༣༧ འབད་མི་ ཕོ་སྐྱེས་ཅིག་གིས་ སྐྱེས་ལོ་༣༡ ལང་མི་ ཁོ་རའི་གནས་ཚང་གི་མགུ་ཏོ་གུ་ གྱི་རྐྱབ་ཐོག་ལས་ བསད་པའི་ཤུལ་ལུ་ ཁོ་རའི་ཨོལ་ལྐོ་བཏོགས་ཏེ་ རང་སྲོག་བཅད་ཡོད་པའི་ དོགས་སྣང་ཡོདཔ་ཨིན་པས།
ཚེ་འདས་གཉིས་ཆ་ར་ སློབ་གྲྭ་དེ་གི་ སྤྱིར་བཏང་སློབ་དཔོན་ཨིནམ་ད་ རྐྱེན་ངན་དེ་གི་སྐོར་ལས་ ཁྱིམ་ཚང་དང་ སློབ་གྲྭའི་དབུ་འཛིན་གྱིས་སྦེ་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།


ཆོས་རྗེ་འབྲུག་པའི་སྒྲིག་ལམ་ལས་ གཅེས་སྐྱོང་དང་ཉེན་སྲུང་ལམ་ལུགས་ལུ་ བསྒྱུར་བཅོས།

༢༧/༥/༢༠༡༣   ༉ ད་ལྟོ་ཚུན་ རྒྱལ་ཁབ་ནང་འཁོད་ཀྱི་ གྲྭ་ཚང་དང་ བཤད་གྲྭ་ དེ་ལས་ སློབ་གྲྭ་དང་འབྲེལ་བའི་ ཆོས་སྡེ་ཚུ་ནང་ ཆོས་རྗེ་འབྲུག་པའི་ སྒྲིག་ལམ་གུ་བཀལ་ཏེ་ དགེ་སློང་དང་ ཨ་ནེམོ་ཚུ་ལུ་ ཁྲིམས་བཀལ་སྲོལ་ཡོདཔ་ཨིན་རུང་ ད་རེས་ འཛམ་གླིང་གོང་འཕེལ་གྱི་འགྱུར་བ་དང་བསྟུན་ བསླབ་བྱ་དང་ བྱམས་བརྩེའི་སྒོ་ལས་ འཛིན་སྐྱོང་འཐབ་ནིའི་ལམ་ལུགས་ལུ་ ཤུགས་གཏོན་ནི་ཨིན་པས།
གསར་བསྒྲུབས་འབད་མི་ གཞུང་གྲྭ་ཚང་གི་ ཨ་ལུ་གཅེས་སྐྱོང་དང་ཉེན་སྲུང་ཡིག་ཚང་།

ཆང་དང་སྨྱོ་རྫས་སྤྱོད་མི་ཚུ་གིས་ སྨན་བཅོས་འབད་ནི་ལུ་ ངོས་ལེན་མེདཔ།

༢༧/༥/༢༠༡༣   ༉ ད་རེས་ནངས་པ་ རྒྱལ་ཁབ་ནང་ ཆང་དང་སྨྱོ་རྫས་སྤྱོད་མི་ ན་གཞོན་བུམོ་དང་ ཨམ་སྲུ་གི་གྱངས་ཁ་དེ་ ཡར་སེང་འགྱོ་དོ་ཡོདཔ་ཨིན་རུང་ ཆང་དང་སྨྱོ་རྫས་ལུ་བརྟེན་ མེདཔ་ཐལ་ཏེ་ སྨན་བཅོས་དང་བསྐྱར་བཅོས་འབད་བར་འོང་མི་ཨམ་སྲུ་ ཚད་ཅིག་ལས་བརྒལ་མེདཔ་ཨིན་པས།

མོང་སྒར་ལུ་ བསྐུལ་བསྒྲགས་མཇུག་བསྡུ་ཡོདཔ།

༢༧/༥/༢༠༡༣   ༉ སྤྱི་ཚོགས་༢ པའི་ རྒྱལ་ཡོངས་ཚོགས་འདུའི་བཙག་འཐུ་དེ་ བདུན་ཕྲག་ཅིག་ལས་བརྒལ་མེདཔ་ལས་ ད་ཚུན་ མོང་སྒར་རྫོང་ཁག་བཟུམ་ཅིག་གི་ མི་སེར་ཚུ་ལུ་ སྲིད་དོན་ཚོགས་པ་༤ པོ་ཆ་རའི་ གཙོ་འཛིན་ཚུ་གིས་ ཁོང་རའི་ཚོགས་པའི་ བསྐུལ་བསྒྲགས་ཚུ་འབད་ཚར་མི་ལུ་བརྟེན་ མི་སེར་ཚུ་གིས་ ཚོགས་པའི་ལྕོགས་གྲུབ་ཚུག་ ཤེས་ཚུགས་ཡོདཔ་ལས་ བསྐུལ་བསྒྲགས་ཀྱི་སྐབས་ལུ་ མི་གནམ་མེད་ས་མེད་མི་འོང་དོ་ཡོདཔ་ཨིན་པས།
བསྐུལ་བསྒྲགས་ནང་གསལ་བཤད་འབད་མི་ མོང་སྒར་གྱི་འདེམས་ངོ་བཞི།

འཐུང་ཆུ་བཏོན་ནིའི་ཁས་བླངས་འབད་མི་ལུ་ ཡིད་ཆེས་མེདཔ།

༢༧/༥/༢༠༡༣   ༉ སྤུ་ན་ཁ་ དཀར་སྦྱིས་དང་ རྟ་ལོག་རྒེད་འོག་གི་འདེམས་ངོ་ཚུ་གིས་ རྟ་ལོག་རྒེད་འོག་གི་དོན་ལུ་ ཁས་བླངས་གསལ་བསྒྲགས་དེ་ ངོ་མ་ར་ རྒེད་འོག་གི་ ལབ་རྩ་ཁ་སྤྱི་འོག་ནང་ འཐུང་ཆུ་མེད་པའི་ དཀའ་ངལ་བསལ་ནི་དེ་ཨིནམ་ད་ སྤྱི་འོག་དེ་ནང་ འཐུང་ཆུ་མེད་པར་ ལོ་༥ དེ་ཅིག་ ལང་ཡོདཔ་ཨིན་པས།

རྩོམ་སྒྲིག་པའི་སྣངའཆར།

༢༧/༥/༢༠༡༣   སྤྱང་ཁྱིའི་གྱངས་ཁ་ ཚད་འཛིན་འབད་ནི་གི་ ཐབས་ལམ་སྒྲིང་སྒྲིང་བཏོན་གནང་དགོཔ།
༉ ད་རེས་ནངས་པ་ རྒྱལ་ཁབ་ནང་འཁོད་ཀྱི་ཁྲོམ་དང་ གཡུས་སྒོ་ཚུ་ནང་ སྤྱང་ཁྱི་མང་བའི་དཀའ་ངལ་ལུ་བརྟེན་ ཨ་ལུ་ཆུང་ཀུ་ཅིག་ལས་ འགོ་བཟུང་སྟེ་ རྒན་རྒས་ཚུ་ལུ་ སོ་བཏབ་པའི་ལོ་རྒྱུས་ཚུ་གོཝ་ཨིན་མས།

གུ་རུ་སྣང་སྲིད་ཟིལ་གནོན་གྱི་ སྐུ་འདྲའི་ནང་ སྲོག་ཤིང་ཕུལ་ཡོདཔ།

༢༧/༥/༢༠༡༣   ༉ ཀུར་སྟོད་སྟག་སྐད་ལ་ལུ་ རིང་ཚད་ཕིཊ་༡༥༤ འབད་མི་ གུ་རུ་སྣང་སྲིད་ཟིལ་གནོན་གྱི་སྐུ་འདྲ་དེ་ དུས་ཅི་ ལོ་མཇུག་བསྡུ་ཁམས་ཅིག་ཁར་ ཡོངས་རྫོགས་བསྒྲུབ་ཚུགས་ནི་ཨིནམ་ད་ སྤྱི་ཟླ་༥ པའི་ཚེས་༢༥ ལུ་ གཟའ་སྐར་ཕུན་སུམ་ཚོགས་པའི་ཉིནམ་ དུས་ཆེན་ལྔ་འཛོམས་དང་འབྲེལ་ སྐུའི་སྲོག་ཤིང་ཕུལ་གནང་བའི་སྐབས་ལུ་ ནང་རྟེན་གྱི་མཇལ་ཁ་ཞུ་མི་ དད་ཅན་གྱི་མི་སེར་ སྟོང་ཕྲག་ལས་བཅད་དེ་ འཛོམས་ཡོདཔ་ཨིན་པས།
གུ་རུའི་སྐུ་འདྲ་ནང་ སྲོག་ཤིང་ཕུལ་བའི་བསྒང་།

མཇུག་གི་བསྐུལ་བསྒྲགས་ནང་ མི་གྲངས་༣༠༠ དེ་ཅིག་གིས་ འབྲེལ་གཏོགས་འབད་ཡོདཔ།

༢༧/༥/༢༠༡༣   ༉ མོང་སྒར་རྫོང་ཁག་ནང་ འདེམས་ཁོངས་༣ ཡོད་པའི་གྲས་ལས་ བསྐུལ་བསྒྲགས་ཀྱི་ལས་རིམ་མཇུག་ར་ དགྲ་མེད་རྩེ་- སྔ་ཚང་འདེམས་ཁོངས་ཀྱི་དོན་ལུ་ སྤྱི་ཟླ་འདི་གི་ ཚེས་༢༥ ལུ་ དགྲ་མེད་རྩེ་ འབྲིང་རིམ་སློབ་གྲྭ་བར་མའི་ སྤྱི་དོན་ཁང་ནང་སྦེ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།

ཤེགས་པ་ཤིང་ལུ་ ས་རུད་ཆད་དེ་ འཁོར་ལམ་བསུབས་ཡོདཔ།

༢༥/༥/༢༠༡༣   ༉ སྤྱི་ཟླ་༥ པའི་ཚེས་༢༣ གྱི་ ཕྱི་རུ་ཁམས་ཅིག་ཁར་ བསམ་གྲུབ་ལྗོངས་མཁར་ལས་ བཀྲ་ཤིས་སྒང་ཁ་ཐུག་ ཀི་ལོ་མི་ཊར་༥༠ དེ་ཅིག་ལུ་ ས་གནས་ཤེགས་པ་ཤིང་ལུ་ ས་རུད་ཆད་མི་དེ་ ཁ་ཙ་ཡང་ སེལ་མ་ཚུགསཔ་ལས་ སྣུམ་འཁོར་བརྒྱ་ལས་བཅད་དེ་ ཐོགས་ལུས་ཡོདཔ་ཨིན་པས།
གནས་སྐབས་གཞུང་གི་ གྲོས་དཔོན་སྤྱི་ཁྱབ་ ཁྲིམས་སྤྱི་བློན་པོ་བསོད་ནམས་སྟོབས་རྒྱས་ཀྱིས་ གསུང་བཤད་གནང་པའི་བསྒང་།

གནས་ཚུལ་མདོར་བསྡུས།

༢༥/༥/༢༠༡༣
ཧཱ་རྫོང་ཁག་ནང་ བཙག་འཐུའི་བརྡ་བྱང་ཚུ་གུ་ ཚོགས་པའི་གཙོ་འཛིན་ཚུ་གི་ པར་དང་སྦྲགས་ཏེ་ ལྟ་བ་དང་གཞི་རྩ་ཚུ་ བཀོད་དེ་ཡོད་པའི་ སྲིད་ཚོགས་༤ གི་ སྦྱར་ཡིག་ཚུ་གི་གྲས་ལས་ ཚོགས་པ་ཅིག་གི་ སྦྱར་ཡིག་དེ་ ག་ཏེ་ལྟ་རུང་ ཧྲལ་བཏང་ཡོདཔ་སྦེ་ མཐོངམ་ཨིན་པའི་གནས་ཚུལ།

ཉེས་འཛུགས་འབད་ཡི་ཟེར་མི་དེ་ལུ་ བདེན་པ་མེདཔ།

༢༥/༥/༢༠༡༣   ༉ ཁ་ཙ་ མི་སེར་དམངས་གཙོ་ཚོགས་པའི་ ལྟ་བ་དང་གཞི་རྩ་ དེ་ལས་ མི་མང་གསལ་བསྒྲགས་ཚུ་གི་སྐོར་ལས་ བརྡ་བརྒྱུདཔ་ཚུ་ལུ་ ཐིམ་ཕུ་སྨད་ཀྱི་འདེམས་ངོ་ རྟ་མགྲིན་དབང་མོ་གིས་ གསལ་བཤད་འབད་ཡོདཔ་མ་ཚད་ རྒྱལ་ཁབ་ཀྱི་ བུ་ལོན་ལུ་ལྟ་སྟེ་ ཚ་གྱང་ཡོད་ལུགས་ཀྱི་སྐོར་ལས་ བཤད་ཡོདཔ་ཨིན།

རྒྱལ་པོའི་ཞིང་གི་གནད་དོན་སྐོར་ལས་ སླབ་ནི་མེད་མི་ལུ་ ངལ་རངས་བྱུང་མ་ཚུགསཔ།

༢༥/༥/༢༠༡༣   ༉ མི་སེར་དམངས་གཙོ་ཚོགས་པའི་ གཙོ་འཛིན་གྱིས་ རྒྱལ་པོ་ཞིང་ལུ་བསྐུལ་བསྒྲགས་འབད་བའི་སྐབས་ལུ་ གསལ་བཤད་ཉན་པར་འོང་མི་ ལ་ལུ་ཅིག་གི་སེམས་ཁ་ལུ་ གཙོ་འཛིན་གྱིས་ རྒྱལ་པོའི་ཞིང་ སའི་སྐོར་ལས་ གསལ་བཤད་ཅིག་འབད་འོང་མནོ་བའི་རེ་འདོད་ བསྐྱེད་ཡོདཔ་ཨིན་པས།
གཙོ་འཛིན་ཚེ་རིང་སྟོབས་རྒྱས་ཀྱིས་ གསལ་བཤད་འབད་བའི་བསྒང་།

འབྲུག་པའི་རྩེད་རིགས་༢ ནང་མ་གཏོགས་ སྨན་རིགས་བཟའ་སྤྱོད་འབད་བའི་ གནད་དོན་མེདཔ།

༢༥/༥/༢༠༡༣   ༉ རྒྱལ་ཁབ་ནང་ རྩེད་རིགས་ཚུ་གི་སྐབས་ སྨན་རིགས་བཟའ་ནི་ཚུ་ བཀག་ཆ་འབད་ནིའི་དོན་ལུ་ ཁ་ཙ་ སྤ་རོ་ལུ་སྦེ་ ཉིན་གྲངས་༢ ཀྱི་དོན་ལུ་ ཞལ་འཛོམས་ཅིག་ འགོ་བཙུགས་ཡོདཔ་ཨིན་པས།
རྩེད་རིགས་ཀྱི་སྐབས་ སྨན་རིགས་ལག་ལེན་འཐབ་ནིའི་ ལམ་ལུགས་དེ་ རྒྱལ་ཁབ་ནང་ གསརཔ་ཅིག་ཨིནམ་བཞིན་དུ་ ལམ་ལུགས་དེ་ ལྟ་རྟོག་འབད་ནིའི་དོན་ལུ་ འབྲུག་ཨོ་ལམ་པིག་ཚོགས་སྡེའི་འོག་ལུ་ སྤྱི་ལོ་༢༠༡༡ ལས་ སྨན་རིགས་བཀག་འཛིན་བཀོད་ཚོགས་ ཚོགས་ཆུང་ཟེར་མིའི་ཚོགས་པ་ཅིག་ གཞི་བཙུགས་འབད་ཡོདཔ་ཨིན་པས།


བུམ་ཐང་ལུ་ ཕྱོགས་མདའི་ལམ་སྲོལ་ ད་ལྟོའི་བར་ན་ཡང་ མ་ཉམས་པར་ཡོདཔ།

༢༥/༥/༢༠༡༣   ༉ བུམ་ཐང་ ལྕམ་མཁར་དང་ རྒྱ་ལི་མཁར་གཡུས་ཚན་༢ ཀྱི་བར་ན་ ཕྱོགས་མདའ་རྐྱབ་ནི་དེ་ སྔོན་དང་ཕུ་ལས་ཡོད་པའི་ ལམ་སྲོལ་ཅིག་ཨིནམ་ད་ དེ་དང་བསྟུན་པའི་ རང་ལུགས་ཀྱི་ ཡིད་ཆེས་བསྐྱེད་ཐངས་དང་ དགོས་པ་ཚུ་ཡང་ སྦོམ་ཡོདཔ་ཨིན་པས།
ལྕམ་མཁར་དང་ རྒྱ་ལི་མཁར་གཡུས་ཚན་༢ ཀྱི་བར་ན་ ཕྱོགས་མདའ་རྐྱབ་པའི་བསྒང་།

བསམ་གྲུབ་ལྗོངས་མཁར་ལུ་ སྤྱིར་བཏང་གྲོས་འཛོམས་ནང་ སེམས་ཤུགས་བསྐྱེད་མི་ ཉུང་སུ་ཅིག་ལས་མེདཔ།

༢༥/༥/༢༠༡༣   ༉ རྒེད་འོག་སོ་སོ་ཚུ་དང་ཕྱདཔ་ད་ བསམ་གྲུབ་ལྗོངས་མཁར་ལུ་ སྤྱིར་བཏང་གྲོས་འཛོམས་ནང་ བཅའ་མར་གཏོགས་པ་འོང་མི་ ཉུང་སུ་ཅིག་ལས་བརྒལ་མེདཔ་ཨིན་རུང་ རྒྱལ་ཡོངས་ཚོགས་སྡེ་དང་ཕྱདཔ་ད་ ད་རེས་ཀྱི་ སྤྱིར་བཏང་གྲོས་འཛོམས་ནང་ བཅའ་མར་གཏོགས་མི་ མི་གྲངས་༢༠ འོང་ཡོདཔ་ཨིན་པས།
གྲོས་འཛོམས་ནང་ མི་སེར་ཚུ་གིས་ འབྲེལ་གཏོགས་འབད་བའི་བསྒང་།

མི་མང་གི་བསམ་འཆར།

༢༥/༥/༢༠༡༣   རྒྱུད་བསྐུལ་དོན་ལུ་མེན་པར་ འོས་འབབ་ལྡན་པའི་ཁས་བླངས་འབད་དགོཔ།
༉ ད་རེས་ནངས་པ་ རྒྱལ་ཁབ་མཐའ་དབུས་མེད་པར་ སྲིད་དོན་ཚོགས་པ་ཚུ་གིས་ རང་སོའི་ཁས་བླངས་གསལ་བཤད་འབད་ཐངས་ལུ་ལྟཝ་ད་ ངལ་རངས་བྱུངམ་མ་ཚད་ རྣམ་རྟོག་ལང་བའི་ གཞི་གནད་ཅིག་ཡང་ ཨིན་མས་ཟེར་ཞུ་ནི།

དབང་ཚད་ཅན་དང་ རྒྱུ་སྟོབས་ཅན་གྱི་ སྲིད་ཚོགས་ཚུ་གི་དབང་དུ་ཐལ་ནི་དེ་ ལེགས་ཤོམ་མེནམ།

༢༥/༥/༢༠༡༣   ༉ སྤྱི་ཟླ་༥ པའི་ཚེས་༢༤ ལུ་ འབྲུག་མཉམ་རུབ་ཚོགས་པའི་གཙོ་འཛིན་ རྡོ་རྗེ་ཆོས་སྒྲོན་གྱིས་ བཀྲིས་སྒང་རང་འབྱུང་ལུ་ ལྟ་སྐོར་འབད་བའི་སྐབས་ མི་གྲངས་༥༠༠ དེ་ཅིག་གིས་ འབྲེལ་གཏོགས་འབད་མི་དེ་ སྲིད་ཚོགས་གཞན་ཚུ་གི་ ཞལ་འཛོམས་ཚུ་དང་ཕྱདཔ་ད་ མཐོ་ཤོས་ཅིག་ཨིན་པས།
འབྲུག་མཉམ་རུབ་ཚོགས་པའི་གཙོ་འཛིན་ རྡོ་རྗེ་ཆོས་སྒྲོན་གྱིས་ མི་སེར་ཚུ་དང་ཕྱད་པའི་བསྒང་།

འཇིགས་བྲལ་སྤྲོ་སྟོན་ཁང་གི་སྦྱིན་བདག་གིས་ མཐོ་གཏུགས་འབད་ནི།

༢༥/༥/༢༠༡༣   ༉ ཐིམ་ཕུ་ རྫོང་ཁག་ཁྲིམས་འདུན་གྱིས་ འཇིགས་བྲལ་སྤྲོ་སྟོན་ཁང་གི་སྦྱིན་བདག་ དངོས་གྲུབ་རྡོ་རྗེ་ལུ་ ཁྲིམས་ཟླ་ངོ་༦ བཀལ་ཡོད་མི་ལུ་ ཁོ་གིས་ འབད་བ་ཅིན་ ཁག་འབག་ལུ་མ་གནས་པ་དང་ བུ་ལོན་སྤྲོད་མ་ཚུགས་པའི་ གཡོ་ཁྲམ་ དེ་ལས་ ཁྲིམས་ལུ་ཁྱད་གསོད་འབད་བའི་ཐད་ཁར་ ཁོ་གིས་ མཐོ་གཏུགས་འབད་ནི་ཟེར་ཨིན་པས།

རྒྱལ་པོའི་ཞིང་གི་ ས་ཆ་ཉོ་མི་ཚུ་ལུ་ ཉེས་པ་མི་འཁྲི་ནི།

༢༤/༥/༢༠༡༣    སྲིད་དོན་ནང་ འདེམས་ངོ་སྦེ་ བཅའ་མར་གཏོགས་མི་ཚུ་ལུ་ གནོད་པ་ག་ནི་ཡང་ མི་འབྱུང་ཟེར་ ཁྲིམས་འདུན་འགོ་དཔོན་ཚུ་གིས་ སླབ་ཨིན་པས།
༉ མོང་སྒར་རྒྱལ་པོའི་ཞིང་གི་ ས་ཆ་བགོ་བཀྲམ་དང་འབྲེལ་བའི་ རྩོད་དོན་དེ་ ཆེ་མཐོ་ཁྲིམས་འདུན་གྱིས་ ཐོག་མའི་ཁྲིམས་འདུན་གྱི་ འཁྲུན་ཆོད་ག་ཨིནམ་སྦེ་ གཞི་འཛིན་འབདཝ་ལས་ ཁེ་རྒུད་མ་བཏུབ་མི་ མཐོ་གཏུགས་པ་༡༥ གིས་ མངོན་མཐོ་ཁྲིམས་ཀྱི་འདུན་སར་ མཐོ་གཏུགས་འབད་དོ་ཡོདཔ་ཨིན་རུང་ ས་ཆ་ཉོ་མི་ལྷག་ལུས་༧༡ ཡོད་མིའི་ རྩོད་བཤེར་དེ་ བསྣར་འགྱངས་སྦེ་ བཞག་ཡོད་མི་ལུ་བརྟེན་ སྲིད་དོན་པ་ཚུ་ལུ་ ཚ་གྱང་ལང་ནི་གི་ གཞི་དོན་ཅིག་ལུ་ གྱུར་ཡོདཔ་ཨིན་པས།

ཀྲོང་གསར་གྱི་འདེམས་ངོ་ཚུ་གིས་ སྒོ་བཤལ་བསྐུལ་བསྒྲགས་ མི་འབད་ནི།

༢༤/༥/༢༠༡༣   ༉ ཁ་ཙ་ ཀྲོང་གསར་ལུ་ སྤྱིར་བཏང་གྲོས་འཛོམས་ མ་འཚོགས་པའི་ཧེ་མར་ སྲིད་དོན་ཚོགས་པ་༤ གི་ འདེམས་ངོ་༨ པོ་ཆ་ར་གིས་ ཁྱིམ་སྒོ་བཤལ་རྐྱབ་སྟེ་ བསྐུལ་བསྒྲགས་འབད་བར་ མི་འགྱོ་ནི་སྦེ་ གྲོས་ཐག་བཅད་ཡོདཔ་ཨིན་པས།
གྲོས་འཛོམས་ནང་ བཅའ་མར་གཏོགས་མི་ ཀྲོང་གསརཔ་ཚུ།

ཁྲི་ལོ་༢༥ འཁོར་བའི་ རྒྱལ་ཡོངས་མདའ་རྩེད་འགྲན་བསྡུར་ འགོ་བཙུགས་ཡོདཔ།

༢༤/༥/༢༠༡༣   ༉ ཁ་ཙ་ ཕྱི་རྒྱལ་མདའ་གཞུའི་ཐོག་ལས་ ལྕང་གླིང་མི་ཐང་གི་ འབའ་སྐྱོར་ཐང་ནང་སྦེ་ ཁྲི་ལོ་༢༥ འཁོར་བའི་ རྒྱལ་ཡོངས་མདའ་རྩེད་འགྲན་བསྡུར་ནང་ འབྲུག་ཤོབ་པིང་སྡེ་ཚན་གྱིས་ སྐུགས་༢ ཕྲངམ་ཕྲང་སར་ ཆོད་བཏང་བའི་སྐབས་ རག་རོག་སྡེ་ཚན་གྱིས་ དོ་འགྲན་རྩ་ལས་ འབད་མ་ཚུགས་པར་ ཕམ་ཡོདཔ་ཨིན་པས།
རག་རོག་སྡེ་ཚན་ལས་ རྩེད་འགྲན་འབད་མི་ཅིག་གིས་ ཚ་གཏད་པའི་བསྒང་།

ལོག་སྟེ་ར་ གཞུང་སྐྱོང་ནིའི་གོ་སྐབས་ཚར་གཅིག་ གནང་དགོ་པའི་བསྐུལ་མ།

༢༤/༥/༢༠༡༣   ༉ ཁ་ཙ་ འབྲུག་ཕུན་སུམ་ཚོགས་པའི་ གཙོ་འཛིན་ངོ་ཚབ་ བརྒྱུད་འབྲེལ་བློན་པོ་བགྲེསཔ་ ནཱན་ད་ལཱལ་རའི་གིས་ རྩི་རང་ སྨོན་ལམ་ཆེན་མོའི་ཚོགས་ཁང་ནང་སྦེ་ ཁྲོམ་དང་ ཉེ་འདབས་ཀྱི་རྒེད་འོག་ཚུ་ནང་ལས་ མི་གྲངས་༡༤༠ ལྷགཔ་ཅིག་དང་ ཕྱད་ཡོདཔ་ཨིན་པས།
གཙོ་འཛིན་ངོ་ཚབ་ནཱན་ད་ལལ་གྱིས་ གསལ་བཤད་འབད་བའི་བསྒང་།

མོང་སྒར་སྐྱེངས་མཁར་ལུ་ འདེམས་ངོ་ཁས་བླངས་གསལ་བསྒྲགས་འབད་ཡོདཔ།

༢༤/༥/༢༠༡༣   ༉ སྤྱིར་བཏང་བཙག་འཐུའི་དོན་ལུ་ བདུན་ཕྲག་ཅིག་ལས་བརྒལ་མེདཔ་ལས་ མོང་སྒར་རྫོང་ཁག་བཟུམ་ཅིག་ནང་འབད་བ་ཅིན་ མི་སེར་ཚུ་ ཚོགས་པའི་འདེམས་ངོ་ཚུ་གི་ ཁས་བླངས་གསལ་བསྒྲགས་ཚུ་ཉན་པར་ འགྱོ་སར་མཐོངམ་ཨིན་པས།
སྲིད་དོན་ཚོགས་པའི་ འདེམས་ངོ་ཅིག་གིས་ སྐྱེངས་ཁར་གྱི་ མི་ཚུ་དང་ ཕྱད་པའི་བསྒང་།

སྤྱིར་བཏང་གྲོས་འཛོམས་ ལོག་འགོ་འདྲེན་འཐབ་དགོཔ།

༢༤/༥/༢༠༡༣   ༉ འབྲུག་མཉམ་རུབ་ཚོགས་པ་གིས་ འཕྲལ་ཁམས་ཅིག་ཁར་ ལྷོ་ཐིམ་ཕུ་གི་དོན་ལུ་ སྤྱིར་བཏང་གྲོས་འཛོམས་ནང་ མི་འོང་མི་ག་ཡང་མེད་པའི་ཤུལ་ལས་ འབྲུག་ཕུན་སུམ་ཚོགས་པའི་ འདེམས་ངོ་ཅིག་གིས་ དེ་བཟུམ་མའི་ གྲོས་འཛོམས་མ་དགོ་པའི་སྐོར་ལས་ ལོ་རྒྱུས་ཐོན་ཡོད་མི་ལུ་ བཙག་འཐུ་ལྷན་ཚོགས་ལུ་ ལོག་འགོ་འདྲེན་འཐབ་དགོ་པའི་སྐོར་ ཡི་གུ་ཕུལ་ཡོདཔ་ཨིན་པས།
འབྲུག་མཉམ་རུབ་ཚོགས་པ་གིས་ བརྡ་བརྒྱུད་ཞལ་འཛོམས་འཚོགས་པའི་བསྒང་།

འཛིན་སྐྱོང་པ་དང་ སློབ་སྟོན་པ་གིས་ ལྟ་རྟོག་འབད་མི་དང་ དྲང་དཔོན་ལུ་ཉོགས་བཤད།

༢༤/༥/༢༠༡༣   ༉ ཁ་ཙ་ འབྲུག་ཨེསི་ཊར་སྡེ་ཚན་ལུ་ གཱོལ་༣ བཙུགས་ཏེ་ ཐིམ་ཕུ་ཁྲོམ་སྡེའི་ སྡེ་ཚན་གྱིས་ རྒྱལ་ཁ་ཐོབ་ཡོདཔ་ལས་ ད་ཚུན་ སྐུགས་༦ ཐོབ་མི་དེ་ སྡེ་ཚན་༥ གི་གྲས་ལས་ མཐོ་ཤོས་ཅིག་ཨིན་པས།
དེ་ཡང་ ཐིམ་ཕུ་ཁྲོམ་སྡེ་གིས་ དུས་ཡུན་ཚང་བའི་སྐབས་ བྱང་ཕྱད་སྡེ་ཚན་ལུ་ གཱོལ་༣ བཙུགསཔ་ད་ འབྲུག་ཨིསི་ཊར་གྱིས་ གཱོལ་༡ ལས་བརྒལ་ བཙུགས་མ་ཚུགསཔ་ལས་ ཐིམ་ཕུ་ཁྲོམ་སྡེ་གིས་ སྐུགས་༣ ཐོབ་ཅི།

ཐིམ་ཕུ་ཁྲོམ་སྡེའི་ སྒོ་སྲུང་པ་གིས་ གཱོལ་བཟུང་ནི་ལུ་ གྲ་སྒྲིག་འབད་བའི་བསྒང་།

འབུབ་ཀྱི་གནོད་སྐྱོན་རྐྱབ་མི་ལོ་ཐོག་ཚུ་ ལོག་ལེགས་ཤོམ་སྦེ་ སྐྱེ་དོ་ཡོདཔ།

༢༤/༥/༢༠༡༣   ༉ ད་རེས་ཁམས་ རྒྱལ་ཁབ་ཀྱི་ རྫོང་ཁག་༡༤ འི་ནང་ ཨར་མི་ཝཱམ་ཟེར་ ཁ་དོག་གནགཔ་འབད་མི་འབུབ་ཚུ་ རྒྱ་ཆེ་དྲགས་སྦེ་ར་ཐོན་ཏེ་ ལོ་ཐོག་ལུ་ གནོད་པ་བཀལ་ཡོད་པའི་ཁར་ དམིགས་བསལ་གྱི་ འབྱ་གི་ལྕངམ་དང་ གེ་ཟ་ཚུ་ལུ་གནོདཔ་བཀལ་མི་ཚུ་ ལོག་ལེགས་ཤོམ་སྦེ་ སྐྱེ་དོ་ཡོདཔ་ཨིན་པས།
འབུབ་ཚུ་གི་རིང་ཐུང་ ཧ་ལམ་མེ་ཀྲེ་རྫས་དང་ འདྲན་འདྲ་ཡོདཔ།

མི་མང་གི་བསམ་འཆར།

༢༤/༥/༢༠༡༣   མི་སྡེའི་བརྡ་བརྒྱུད་ དམ་འཛིན་གནང་དགོཔ།
༉ འབྲུག་མི་ཡོངས་ཀྱི་ བསོད་ནམས་སྤྱི་མཐུན་ལས་གྲུབ་པའི་ དཔལ་མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་ཞབས་ལས་ སྤྱི་ལོ་༡༩༩༨ ལུ་ དབང་ཚད་ཕྱིར་སྤེལ་གྱི་ སྲིད་བྱུས་དང་འཁྲིལ་ བློན་པོའི་ལྷན་རྒྱས་བསྐོ་བཞག་གནང་སྟེ་ ལོ་༨ ཀྱི་རྒྱབ་ལས་ འབྲུག་རྒྱལ་ཁབ་ནང་ དུས་ནམ་ཡང་ གོ་ཐོས་མ་བྱུང་བའི་ རྩ་ཁྲིམས་ཅན་གྱི་ དམངས་གཙོའི་རིང་ལུགས་འདི་ འགོ་བཙུགས་གནང་ཡོད་ཟེར་ཞུ་ནི། 

མི་སེར་ཚུ་གིས་ ཚོགས་རྒྱན་ཚུ་ བརྟག་ཤིང་དཔྱད་དེ་ བཙུགས་དགོཔ།

༢༤/༥/༢༠༡༣   ༉ སྤྱི་ཚོགས་༢ པའི་རྒྱལ་ཡོངས་ཚོགས་འདུའི་དོན་ལུ་ དོ་འགྲན་འབད་མི་ སྲིད་ཚོགས་༤ གི་ གཙོ་འཛིན་ཚུ་གིས་ མོང་སྒར་རྫོང་ཁག་བཟུམ་ཅིག་ནང་འབད་བ་ཅིན་ ཁོང་རའི་ཚོགས་པའི་ལྟ་བ་དང་ དམིགས་ཡུལ་ དེ་ལས་ ལྕོགས་གྲུབ་ཚུ་གི་སྐོར་ལས་ མི་སེར་ཚུ་ལུ་ གསལ་བཤད་འབད་ཚརཝ་ལས་ སྲིད་དོན་ཚོགས་པ་ག་ལུ་ ལྕོགས་གྲུབ་འདུག་ག་དང་ ག་ལུ་བཙུགས་ནི་ཨིན་ན་ ཧ་གོ་ཡོདཔ་ཨིན་པས།
དམངས་གཙོ་ཚོགས་པའི་གཙོ་འཛིན་གྱིས་ མི་མང་དང་ འབྲེལ་བ་འཐབ་པའི་བསྒང་།

གདན་ཆི་ ཁྲོམ་གསར་པའི་འཆར་གཞི་ ཆ་འཇོག་འབད་ཡོདཔ།

༢༤/༥/༢༠༡༣   ༉ ཟླ་ངོ་གཅིག་གི་ཧེ་མར་ ཞབས་ཏོག་ལྷན་ཁག་འོག་གི་ རྒྱལ་ཡོངས་གྲོས་བསྟུན་ཚོགས་ཆུང་གིས་ པདྨ་དགའ་ཚལ་ གདན་ཅི་གི་ ཁྲོམ་གསར་པའི་འཆར་གཞི་དེ་ ཆ་འཇོག་འབད་ཡོདཔ་བཞིན་དུ་ ཁྲོམ་གསར་པའི་ འཆར་གཞིའི་ལཱ་དེ་ འཕྲལ་མགྱོགས་ར་ འགོ་བཙུགས་ནི་ཨིན་པས།

ལུང་ནག་ནང་ལུ་ འགོ་ཐོག་བཙག་འཐུ་ འགོ་འདྲེན་འཐབ་མི་ སྡེ་ཚན་ཅིག་སོང་ཡོདཔ།

༢༣/༥/༢༠༡༣   ༉ སྤྱི་ཟླ་༥ པའི་ཚེས་༣༡ ལུ་ མགར་ས་རྫོང་ཁག་གི་ མཐའ་ཟུར་རྒེད་འོག་ ལུང་ནག་ནང་ལུ་ འགོ་ཐོག་བཙག་འཐུ་ འགོ་འདྲེན་འཐབ་ནིའི་དོན་ལུ་ མི་གྲངས་༡༧ འབད་མི་སྡེ་ཚན་ཅིག་ རྒེད་འོག་ནང་འགྱོ་བའི་བསྒང་ཡོད་མི་དེ་ ད་རིས་ གངས་མཇུག་ལ་བརྒལ་ནི་ཨིནམ་ད་ ལ་དེ་ རྒྱ་མཚོའི་གནས་ཚད་ལས་ མཐོ་ཚད་མི་ཊར་༤,༩༠༠ གི་ས་ཁར་ ཆགས་ཡོདཔ་ཨིན་པས།
ལུང་ནག་ནང་ལུ་ འགོ་ཐོག་བཙག་འཐུ་ འགོ་འདྲེན་འཐབ་མི་ཚུ་ རྐང་ཐང་འགྱོ་བའི་བསྒང་།

མི་སེར་དམངས་གཙོ་ཚོགས་པའི་ ཁས་བླངས་གསལ་བསྒྲགས།

༢༣/༥/༢༠༡༣   ༉ མི་སེར་ལུ་ དབང་ཚད་ཕྱིར་སྤེལ་གྱི་ ཁས་ལེན་ཐོག་ལས་ མི་སེར་དམངས་གཙོ་ཚོགས་པ་གིས་ གལ་སྲིད་ བཙག་འཐུ་འགྲུབ་པ་ཅིན་ ས་གནས་གཞུང་ལུ་ བདག་སྐྱོང་དང་ དངུལ་འབྲེལ་གྱི་ གྲོས་ཐག་བཅད་ནི་གི་ དབང་ཚད་མངམ་བྱིན་ནི་གི་ ཁས་བླངས་འབདཝ་ཨིན་པས།

ཕུཊ་བཱོལ་རྩེད་འགྲན་འབད་མི་ཚུ་ སྤྲོ་བ་ཞེན་སུ་འགྱོ་དོ་ཡོདཔ།

ཡིད་འཛིན་སྡེ་ཚན་གྱིས་ གཱོལ་བཙུགས་ནི་གི་ དཔའ་བཅམ་པའི་བསྒང་།
༢༣/༥/༢༠༡༣   ༉ ཁ་ཙ་ ཐིམ་ཕུ་ལྕང་གླིང་མི་ཐང་གི་ རྒྱལ་ཡོངས་ཕུཊ་བཱོལ་རྩེད་ཐང་ནང་ ཡིད་འཛིན་དང་ འབྲུག་ཡུ་ནའི་ཊེཌ་སྡེ་ཚན་༢ ཀྱི་བར་ན་ དོ་འགྲན་འབདཝ་ད་ ཡིད་འཛིན་སྡེ་ཚན་གྱིས་ འབྲུག་ཡུ་ནའི་ཊེཌ་སྡེ་ཚན་ལུ་ གཱོལ་༣ བཙུགས་ཏེ་ རྒྱལ་ཁ་ཐོབ་ཅི།

གནས་ཚུལ་མདོར་བསྡུས།

༢༣/༥/༢༠༡༣
ཐིམ་ཕུ་ ས་སྣུམ་བཀྲམ་སྤེལ་ཁང་གི་ ཉེ་འདབས་ལུ་ཡོད་མི་ དཀར་ཤིང་ཚུ་ བརྡབས་བཏང་དོ་ཡོདཔ་ད་
དེ་ཡང་ དཀར་ཤིང་ཚུ་ལས་ཐོན་མི་ ཀ་བལ་ཚུ་གིས་ མི་གི་གཟུགས་ཁར་རེགཔ་ད་ ཤ་པགས་གཡའ་སྟེ་
རྨ་ཐོན་ནི་དེ་གིས་ ཨིན་པའི་གནས་ཚུལ།

དབང་པོ་སྐྱོན་ཅན་ཅིག་གིས་ སེམས་ཀྱི་ཞི་བདེ་གླུ་དབྱངས་ གཞི་བཙུགས་འབད་ཡོདཔ།

༢༣/༥/༢༠༡༣   ༉ སྐྱེས་ལོ་༢༦ ལང་མི་ འཇིགས་མེད་རྣམ་རྒྱལ་གྱིས་ ཁོ་ར་བཟུམ་མའི་ དབང་པོ་སྐྱོན་ཅན་ཚུ་གི་དོན་ལུ་ སེམས་ཀྱི་ཞི་བདེ་དང་ སྤྱིར་བཏང་མི་ཚུ་དང་ འདྲ་མཉམ་སྦེ་ སྡོད་ཚུགསཔ་བཟོ་ནིའི་དོན་ལུ་ འཕྲལ་ཁམས་ཅིག་ཁར་ སེམས་ཀྱི་ཞི་བདེ་གླུ་དབྱངས་ཟེར་མི་ སློབ་སྦྱོང་ཁང་ཅིག་ གཞི་བཙུགས་འབད་ཡོདཔ་ཨིན་པས།
དབང་པོ་སྐྱོན་ཅན་ཚུ་གིས་ སྙན་ཆ་དཀྲོགས་ཏེ་ ཞབས་ཁྲ་འཐེན་པའི་བསྒང་།

གྲོས་འཛོམས་ལས་རིམ་ལུ་ བསམ་འཆར་སྣ་ཚོགས།

༢༣/༥/༢༠༡༣   ༉ བུམ་ཐང་རྫོང་ཁག་གི་དོན་ལུ་ སྤྱིར་བཏང་གྲོས་འཛོམས་མཇུག་དེ་ ཁ་ཙ་ སྟང་སི་སྦྱིས་ལུ་སྦེ་ འགོ་འདྲེན་འཐབ་ཡོདཔ་ལས་ འདེམས་ངོ་མང་ཤོས་ཅིག་གིས་ གྲོས་འཛོམས་ལུ་བརྟེན་ མི་མང་ཤོས་དང་གཅིག་ཁར་ འབྲེལ་བ་འཐབ་ཚུགསཔ་ལས་ ཕན་ཐོགས་སྦོམ་ཡོད་པའི་ ཚོར་སྣང་བྱུང་ཡི་ཟེར་ཨིན་པས།

སློབ་གྲྭའི་སོ་ནམ་ལས་རིམ་སྦྱོང་བརྡར།

༢༣/༥/༢༠༡༣   ༉ ཏའི་ཝཱན་ལུ་ཡོད་མི་ ཨེ་ཤི་ཡཱན་ཚོད་བསྲེ་ཞིབ་འཚོལ་གོང་འཕེལ་ལྟེ་བ་དང་ ནགས་ཚལ་དང་སོ་ནམ་ལྷན་ཁག་ དེ་ལས་ ཤེས་རིག་ལྷན་ཁག་གསུམ་གྱི་བར་ན་ ལོ་ངོ་༨ ཀྱི་ལས་འགུལ་ཅིག་ འགོ་བཙུགས་ནི་གི་ འཆར་གཞི་ཡོད་མི་དེ་གིས་ འབྲུག་པའི་སློབ་གྲྭ་ཁག་ཚུ་གིས་ ཧེ་མ་ལས་འབད་སྲོལ་ཡོད་མི་ སློབ་གྲྭའི་སོ་ནམ་ལས་རིམ་ ལག་ལེན་འཐབ་ནི་ལུ་ ལྷན་ཐབས་སྦོམ་འབད་ཚུགས་ནི་ཨིན་པས།
ལས་འགུལ་གྱི་འགོ་དཔོན་ཚུ་དང་ སློབ་ཕྲུག་ཨ་ལུ་ཚུ།

ཤར་ཕྱོགས་ལུ་ གོང་འཕེལ་དུམ་གྲ་ཅིག་ལས་བརྒལ་ མ་འགྱོ་བར་ཡོདཔ།

༢༣/༥/༢༠༡༣   ༉ ད་རིས་ མི་སེར་དམངས་གཙོ་ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས་ཀྱིས་ ལྷུན་རྩེ་རྫོང་ཁག་ནང་ བསྐུལ་བསྒྲགས་འབད་ནི་ཨིནམ་བཞིན་དུ་ ཁ་ཙ་ མོང་སྒར་ལུ་ འབད་ཡོདཔ་ཨིན་པས།
དེ་གི་ཧེ་མར་ སྤྱི་ཟླ་༥ པའི་ཚེས་༢༡ ལུ་ བཀྲིས་སྒང་གི་ མི་སེར་ཚུ་ལུ་ ཚེ་རིང་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ འབྲུག་ལུ་ ཡར་རྒྱས་དུམ་གྲ་ཅིག་ལས་མ་འགྱོ་མི་ ལུང་ཕྱོགས་དེ་ ཤར་ཕྱོགས་རྫོང་ཁག་ཚུ་ཨིནམ་ལས་ ལུང་ཕྱོགས་འདྲ་མཉམ་སྦེ་ གོང་འཕེལ་མ་འགྱོ་བར་ཡོད་ཟེར་ཨིན་པས།

རྩོམ་སྒྲིག་པའི་སྣང་འཆར།

༢༣/༥/༢༠༡༣   འགོ་ཐོག་བཙག་འཐུ་རནམ་དང་བསྟུན་ སེམས་འཚུབ་དང་ཚ་གྱང་།
༉ སྲིད་དོན་ཚོགས་པ་༤ གིས་ སྤྱི་ཚོགས་༢ པའི་ འགོ་ཐོག་བཙག་འཐུའི་དོན་ལུ་ གཞུང་འབྲེལ་གྱི་ བསྐུལ་བསྒྲགས་འབད་ནིའི་ དུས་ཚོད་དེ་ ད་རིས་ལས་རྩིསཝ་ད་ ཉིནམ་༦ དེ་ཅིག་ལས་མེདཔ་ད་ དེ་ཡང་ ཆུ་ཚོད་༤༨ ཀྱི་རིང་ བསྐུལ་བསྒྲགས་བཀག་དམ་དུས་ཡུན་ མ་རྩིས་བར་ཨིན་མས།

བཟོ་རིག་འགོ་དཔོན་ཚུ་གིས་ རང་སོའི་ཚུལ་མིན་བརྡ་དོན་ཚུ་ བཟོ་སྐྲུན་ལས་སྡེ་ཚུ་ལུ་ བྱིན་མི་ཆོག་ནི།

༢༣/༥/༢༠༡༣   ༉ འབྲུག་པའི་ཁག་འབགཔ་ཚུ་གིས་ རིན་བསྡུར་གྱི་ལཱ་ཚུ་ འཐོབ་ནིའི་དོན་ལུ་ ཁོང་རའི་བཟོ་སྐྲུན་ལས་སྡེ་ནང་ ལཱ་འབད་མི་མེན་རུང་ གཞན་མི་ ལས་སྡེ་ཚུ་ནང་ལཱ་འབད་མི་ བཟོ་རིག་འགོ་དཔོན་དང་ བཟོ་བཀོདཔ་ དེ་ལས་ ས་འཇལ་མི་ཚུ་གི་ མིང་དང་བརྡ་དོན་ཚུ་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།

གནས་ཚུལ་མདོར་བསྡུས།

༢༢/༥/༢༠༡༣
འདས་པའི་ཉིནམ་དག་པ་ཅིག་ནང་ ཐིམ་ཕུ་ལུ་ ས་གནས་ཐདམ་ཐད་ཁར་ ཨར་མི་ཝཱམ་ཟེར་སླབ་མི་ འབུབ་གནགཔོ་ཚུ་གིས་ ཁྱབ་ཡོད་མི་དེ་ལུ་ མི་ཚུ་གིས་འབད་བ་ཅིན་ མུ་གེ་འཐོན་ནིའི་ རྟགས་མཚན་སྟོནམ་མེན་ན་ཟེར་བའི་ དོགས་སྣང་བཤདཔ་ཨིན་པའི་གནས་ཚུལ།

ཆེ་མཐོ་ཁྲིམས་འདུན་གྱིས་ཡང་ གསོ་བའི་འགོ་དཔོན་༤ ལུ་ ཉེས་པ་མེད་པའི་འཁྲུན་ཆོད།

༢༢/༥/༢༠༡༣   དེ་ཡང་ ནང་གསུག་དང་ ཡིག་ཚང་བྱ་སྤྱོད་ངན་པའི་ ཉེས་འཛུགས་འབད་མི་ཚུ་ ཐེ་ཚོམ་ལས་གྲོལ་བའི་ སྒྲུབ་བྱེད་མངོན་རྟགས་བྱུང་མ་ཚུགས་ནི་དེ་གིས་ཨིན་པས།
༉ ཆེ་མཐོ་ཁྲིམས་འདུན་གྱིས་ དུས་ཡུན་ཟླ་ངོ་༦ དེ་ཅིག་གི་རིང་ རྩོད་བཤེར་དང་ ཐོག་མའི་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ བསྐྱར་ཞིབ་མཐིལ་ཕྱིན་མཛད་དེ་ སྤྱི་ལོ་༢༠༠༩ ལུ་ ཇར་མ་ནི་དང་ རྒྱ་ནག་ལུ་ གཞུང་འབྲེལ་ལྟ་སྐོར་ལུ་སོང་མི་ གསོ་བའི་འགོ་དཔོན་༤ ལུ་ ཉེས་མེད་ཉེས་གྲོལ་གྱི་ འཁྲུན་ཆོད་གནང་ནུག།

ཚོགས་པའི་གཙོ་འཛིན་མ་ལྷོད་མི་ལུ་བརྟེན་ རྒྱབ་སྐྱོར་པ་ཚུ་གི་སེམས་ འགྱུར་འགྱོ་བའི་ཚ་གྱང་།

༢༢/༥/༢༠༡༣   ༉ ད་རེས་ནངས་པ་ སྲིད་ཚོགས་༢ ཀྱི་གཙོ་འཛིན་ཚུ་ བསམ་རྩེ་རྫོང་ཁག་ནང་ ལྷོད་ཡོདཔ་ད་ སྲིད་ཚོགས་གཞན་ཅིག་གི་ གཙོ་འཛིན་དེ་ ད་རིས་ལྷོད་ནི་ཨིན་རུང་ བསམ་རྩེའི་མི་སེར་ཚུ་གིས་ འབྲུག་མཉམ་རུབ་ཚོགས་པའི་གཙོ་འཛིན་དེ་ མི་འོང་ནི་ཨིན་ན་ཟེར་བའི་ ལོ་རྒྱུས་ཚུ་ སླབ་དོ་ཡོདཔ་ཨིན་པས།

མི་མང་གིས་ གྲོས་འཛོམས་ལུ་ སྤྲོ་བ་མེད་པའི་གསལ་སྟོན།

༢༢/༥/༢༠༡༣   ༉ ལྷོ་ཐིམ་ཕུ་ཁྲོམ་གྱི་དོན་ལུ་ ཁ་ཙ་ སྤྱིར་བཏང་གྲོས་འཛོམས་འགོ་འདྲེན་འཐབ་ནིའི་ ཚེས་གྲངས་ཨིན་རུང་ གྲོས་འཛོམས་ནང་ འོང་མི་ག་ཡང་མེདཔ་ལས་ ཆ་མེད་བཏང་དགོཔ་བྱུང་ཡོདཔ་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཡེ་ཤེས་སྦྱིན་པ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོ་གི་རྒྱབ་སྐྱོར་པ་ཕྱེད་ཀ་དེ་ཅིག་ ལྷོ་ཕྱོགས་ཐིམ་ནང་ཡོད་ནི་དེ་གིས་ གྲོས་འཛོམས་ནང་ གསལ་བཤད་འབད་ནིའི་དོན་ལུ་ གནད་དོན་ཚུ་ གྲ་སྒྲིག་འབད་ཡོད་རུང་ ག་ཡང་འོང་མ་བཏུབ་ཟེར་ཨིན་པས།


མོང་སྒར་གྱི་མཐའ་ཟུར་ རྒེད་འོག་༢ ནང་ འཕྲལ་ར་གློག་མེའི་ ཞབས་ཏོག་འཐོབ་ཚུགས་ནི།

༢༢/༥/༢༠༡༣   ༉ མོང་སྒར་རྫོང་ཁག་ སི་ལམ་སྦིས་དང་ དགོངས་འདུ་རྒེད་འོག་གི་ མི་སེར་ཚུ་གི་སེམས་ཁར་ དགའ་སྤྲོ་བྱུང་མི་དེ་ཡང་ འཕྲལ་མགྱོགས་ར་ རྒེད་འོག་༢ ནང་ གློག་མེའི་ཞབས་ཏོག་ ལྷོད་ཚུགས་ནི་ཨིན་མི་ལུ་བརྟེན་ཨིན་པས།
གློག་མེའི་ཅ་ཆས་ཚུ་ གནམ་གྲུའི་ཐོག་ལས་ སྐྱེལ་འདྲེན་འབད་བའི་བསྒང་།

རྐྱེན་ངན་འཛིན་སྐྱོང་གི་སྦྱོང་བརྡར།

༢༢/༥/༢༠༡༣   ༉ སཱག་ལུང་ཕྱོགས་རྒྱལ་ཁབ་དང་ ཨེ་མི་རི་ཀའི་གཞུང་གཉིས་ཀྱིས་ རྐྱེན་ངན་འཛིན་སྐྱོང་ཀྱི་ ལམ་ལུགས་ཚུ་ ཡར་དྲག་བཟོ་ཐབས་ལུ་ སཱག་རྒྱལ་ཁབ་ཀྱི་ འཐུས་མི་ངོ་ཚབ་ཚུ་གི་བར་ན་ ལུང་ཕྱོགས་སྦྱོང་བརྡར་ལས་རིམ་ཅིག་ འགོ་འདྲེན་འཐབ་པའི་བསྒང་ཡོདཔ་ཨིན་པས།
སཱག་རྒྱལ་ཁབ་ཀྱི་ འཐུས་མི་ངོ་ཚབ་ཚུ་གིས་ རྐྱེན་ངན་འཛིན་སྐྱོང་གི་ སྦྱོང་བརྡར་འབད་བའི་བསྒང་།

སྨན་སྦིས་བཙན་མཁར་གྱི་མི་སེར་ཚུ་ ཚོགས་རྒྱན་ག་ལུ་བཙུགས་ནི་ཨིན་ནའི་ སེམས་ཐག་བཅད་ཚར་ཡོདཔ།

༢༢/༥/༢༠༡༣   ༉ སྤྱི་ཟླ་༥ པའི་ཚེས་༢༠ ལུ་ འབྲུག་མཉམ་རུབ་ཚོགས་པའི་གཙོ་འཛིན་ རྡོ་རྗེ་ཆོས་སྒྲོན་གྱིས་ སྤྱིར་བཏང་གྲོས་འཛོམས་ནང་ མོ་རའི་ཚོགས་པའི་ ཁས་བླངས་གསལ་བཤད་འབད་མི་དེ་ལུ་ ལྷུན་རྩེ་ སྨན་སྦིས་བཙན་མཁར་གྱི་ མི་སེར་ཚུ་ ཡིད་ཆེས་འདྲོངས་ཡོདཔ་ཨིན་པས།

མོང་སྒར་ལུ་ འདེམས་ངོ་༣ གྱིས་ བསྐུལ་བསྒྲགས་འབད་ཡོདཔ།

༢༢/༥/༢༠༡༣   ༉ མོང་སྒར་འདེམས་ཁོངས་ཀྱི་དོན་ལུ་ ད་ལྟོ་ སྲིད་དོན་ཚོགས་པ་༣ གྱི་འཐུས་མི་ཚུ་གིས་ བསྐུལ་བསྒྲགས་འབད་ཡོད་རུང་ ཚོགས་པ་ཅིག་གིས་ ད་ལྟོའི་བར་ན་ཡང་ བསྐུལ་བསྒྲགས་འབད་ནི་མེད་པའི་ཁར་ སྤྱི་ཟླ་འདི་གི་ཚེས་༡༨ ལུ་ མོང་སྒར་རྫོང་ཁག་ ཙ་ཀ་གླིང་རྒེད་འོག་ སྟག་ཁམས་སྦིས་སྤྱི་འོག་ནང་ ཚོགས་པ་༣ གྱིས་ བསྐུལ་བསྒྲགས་འབད་བའི་སྐབས་ལུ་ མི་སེར་ཚུ་མགུ་འཐོམ་བྱུང་ཡོདཔ་ཨིན་པས།
འདེམས་ངོ་ཚུ་གིས་ མི་སེར་དང་འབྲེལ་བ་འཐབ་པའི་བསྒང་།

གཙོ་འཛིན་གྱིས་ འདས་པའི་གཞུང་གི་གྲུབ་འབྲས་ཚུ་ གསལ་བཤད་འབད་ཡོདཔ།

༢༢/༥/༢༠༡༣   ༉ རྒྱལ་ཡོངས་ཚོགས་འདུའི་ འགོ་ཐོག་བཙག་འཐུའི་དོན་ལུ་ སྲིད་དོན་ཚོགས་པ་༤ གིས་ བཅའ་མར་གཏོགས་ཏེ་ཡོདཔ་བཞིན་དུ་ འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ འཇིགས་མེད་འཕྲིན་ལས་ཀྱིས་ མི་སེར་ཚུ་ལུ་ འོས་ལྡན་གྱི་ སྲིད་ཚོགས་གདམ་ཁ་རྐྱབ་ད་ ན་འཐན་དྲནམ་བཏོན་དགོ་པའི་ དྲན་གསལ་འབད་ནུག།

མི་མང་གི་བསམ་འཆར།

ང་བཅས་རའི་ སྲིད་ཚོགས་ཚུ་གིས་ མིག་དཔེ་བཟང་པོ་སྟོན་དགོཔ།
༉ ད་རེས་ནངས་པ་ སྲིད་དོན་ཚོགས་པ་༤ གིས་ རྒྱལ་ཁབ་ཀྱི་ ས་གནས་མཐའ་དབུས་མེད་པར་ བསྐུལ་བསྒྲགས་འབད་བའི་བསྒང་ཡོདཔ་བཞིན་དུ་ སྲིད་ཚོགས་སོ་སོ་གིས་ ཁས་བླངས་གསལ་བསྒྲགས་ཚུ་ འོས་འབབ་ཡོད་རུང་མེད་རུང་ འདྲ་མ་འདྲཝ་ལེ་ཤ་འབད་ནི་འདུག་ཟེར་ཞུ་ནི།

བཙག་འཐུ་འགྲུབ་པ་ཅིན་ གྲོགས་རམ་འཐོབ་མ་ཚུགས་པའི་ ཚ་གྱང་ལང་དགོཔ་མེདཔ།

༢༢/༥/༢༠༡༣   ༉ འབྲུག་མཉམ་རུབ་ཚོགས་པའི་གཙོ་འཛིན་ རྡོ་རྗེ་ཆོས་སྒྲོན་གྱིས་ ཁ་ཙ་ མོང་སྒར་རྫོང་ཁག་གི་ མི་སེར་ཚུ་དང་ཕྱད་པའི་སྐབས་ མོ་རའི་ ཚོགས་པའི་ཁས་བླངས་གསལ་བསྒྲགས་འབད་ནི་མེད་རུང་ འབྲུག་མཉམ་རུབ་ཚོགས་པ་གིས་ དམ་ཚིག་དཔང་བཙུགས་ཐོག་ལས་ རྩ་བ་གསུམ་ལུ་ ཕྱག་ཞུ་ནི་ཨིན་ཟེར་ཨིན་པས།

ས་འོག་ལས་ ཆུ་ཁ་བསྒྱུར་གཏང་ནིའི་ ཆུ་ལམ་འགོ་འབྱེད་འབད་ཡོདཔ།

༢༡/༥/༢༠༡༣   ༉ ཁ་ཙ་ སྤུ་ན་གཙང་ཆུ་ལས་འགུལ་༢ པ་གི་ ས་འོག་ལས་ ཆུ་ཁ་བསྒྱུར་གཏང་ནིའི་ ཆུ་ལམ་འགོ་འབྱེད་འབད་མི་དེ་ ལས་འགུལ་དེ་གི་ ཆུ་བྱག་རྐྱབ་ནིའི་ལཱ་ འགོ་བཙུགས་པའི་ བརྡ་མཚོན་ཨིནམ་ད་ དེ་ཡང་ ཆུ་བྱག་རྐྱབ་ནིའི་དོན་ལུ་ ཧེ་མ་ར་ སྤུ་ན་གཙང་ཆུ་དེ་ ས་འོག་ལས་ ཆུ་ཁ་བསྒྱུར་གཏང་དགོཔ་ཨིན་པས།

འབྲུག་པའི་སྣུམ་འཁོར་ཊཱག་ཅིག་གུ་ ཀྲོབ་མདའ་རྐྱབ་ཡོདཔ།

༢༡/༥/༢༠༡༣   ༉ སྤྱི་ཟླ་༥ པའི་ཚེས་༡༩ ལུ་ འབྲུག་པའི་སྣུམ་འཁོར་ཊཱག་ཅིག་གུ་ རྒྱ་གར་གྱི་ ས་མཚམས་ཁའི་ ཁྲིམས་སྲུང་འགག་པ་ཅིག་གིས་ ཀྲོབ་མདའ་རྐྱབ་མི་དེ་ འཛོལ་འགྱོ་འགྱོཝ་ཨིན་ཟེར་ སླབ་དོ་ཡོདཔ་ཨིན་རུང་ ཨ་སམ་མངའ་སྡེ་ ཅི་རང་གི་ ཁྲིམས་སྲུང་འགག་པ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཀྲོབ་མདའ་རྐྱབ་མི་ ཁྲིམས་སྲུང་འགག་པ་དེ་ ཀོག་ཧ་ཇར་གྱི་ ཁྲིམས་སྲུང་འགག་པའི་དོ་དམ་འོག་ལུ་ བཙུགས་ཏེ་ཡོད་ཟེར་ཨིན་པས།

འབྲུག་ཨོ་ལིམ་པིག་ མདའ་རྩེདཔ་གི་ མཐའན་མཇུག་བཙག་འཐུ་ནང་ བུཚ་༥ དང་བུམོ་༣ འཐུ་ནི་ཨིནམ།

༢༡/༥/༢༠༡༣   ༉ འབྲུག་མདའ་རྩེད་ཚོགས་པ་གིས་ སྤྱི་ལོ་༢༠༡༣ ཟླ་༡ པའི་ནང་ སློབ་ཕྲུག་༡,༡༠༠ ལུ་ གནམ་དགུན་གྱི་ མདའ་རྩེད་སློབ་སྟོན་ལས་རིམ་ཅིག་ འགོ་འདྲེན་འཐབ་མིའི་གྲས་ལས་ ད་རེས་ནངས་པ་ སློབ་ཕྲུག་༢༤ རྒྱལ་ཡོངས་ཀྱི་ ཨོ་ལིམ་པིག་མདའ་རྩེདཔ་སྦེ་ བདུན་ཕྲག་ནང་ར་ གདམ་འཐུ་འབད་ནི་ཨིན་པས།
མཐའན་མཇུག་བཙག་འཐུའི་དོན་ལུ་ སྦྱོང་བརྡར་འབད་མི་དང་ སློབ་སྟོན་པ་ཚུ།

གཞུང་ཁྱིམ་ཚུ་ནང་ ལོ་ངོ་༡༠ ལས་བརྒལ་ སྡོད་མི་ཆོག་ནི།

༢༡/༥/༢༠༡༣   ༉ བསྐྱར་ཞིབ་འབད་དེ་ ད་ལྟོ་ ཟིན་བྲིས་ཐོག་ལུ་ཡོད་མི་ རྒྱལ་གཞུང་ཁྱིམ་བཟོ་གོང་འཕེལ་ལས་འཛིན་གྱི་ ཁྱིམ་བཟོ་ཁྲིམས་ལུགས་༢༠༡༣ ཅན་མ་དང་འཁྲིལཝ་ད་ ད་ལས་ཕར་ ཞི་གཡོགཔ་ཚུ་གིས་ གཞུང་གྱི་ཁྱིམ་ཚུ་ནང་ དུས་ཡུན་མཐོ་ཤོས་ ལོ་ངོ་༡༠ མ་གཏོགས་ སྡོད་མི་ཆོག་ནི་ཨིན་པས།
དེ་ཡང་ ཞི་གཡོགཔ་ཚུ་གི་དོན་ལུ་ གཞུང་ཁྱིམ་བགོ་བཀྲམ་ཚུ་ འདྲ་མཉམ་སྦེ་ འཐོབ་ཚུགསཔ་བཟོ་ནི་ལུ་དམིགས་ཏེ་ཨིན་པས།


མགུ་ཏོ་གུ་ གྱི་བླུགས་བྱིན་པའི་ཉེས་ཁྲིམས་ ཟླཝ་༣ དང་ རྒུད་འཐུས་ཚུ་བཏབ་དགོཔ།

༢༡/༥/༢༠༡༣   ༉ རྩོད་ཟླ་ཅིག་གིས་ གཞལམ་སྒང་ཁྲིམས་འདུན་གྱིས་བཏོན་མི་ འཁྲུན་ཆོད་ལུ་ ཁེ་རྒུད་མ་བཏུབ་པར་ མཐོ་གཏུགས་འབད་ཡོད་རུང་ འཁྲུན་ཆོད་དེ་ དྲང་པོར་བཏོན་ཡོདཔ་ལས་ ཁ་ཙ་ ཆེ་མཐོ་ཁྲིམས་ཁྲི་༢ པ་གིས་ བསྒྱུར་བཅོས་མེད་པའི་བཀའ་རྒྱ་གནང་ཡི།

བརྡ་དོན་འཕྲུལ་རིག་གླིང་ཀ་ནང་ ཚོང་འབྲེལ་ལས་སྡེ་དང་པ་ གཞི་བཙུགས་འབད་ཡོདཔ།

༢༡/༥/༢༠༡༣   ༉ འགྲོ་བ་མིའི་རིགས་ཀྱིས་ འདས་པའི་རིང་ལུགས་ཀྱི་གནས་སྟངས་ཚུ་ དྲན་ཚོར་འབད་ནིའི་དོན་ལུ་ པར་དང་ གློག་བརྙན་ཚུ་ མེད་ཐབས་མེདཔ་ཅིག་ཨིན་རུང་ དེ་ཚུ་ ཡུན་རིང་སོང་མི་ལུ་བརྟེན་ རྙིངམ་ཐལ་ཏེ་ སྤུས་ཚད་ མེདཔ་ཐལ་དོ་ཡོདཔ་ཨིན་པས།

ཐིམ་ཕུ་སྨད་ཀྱི་ སྤྱིར་བཏང་གྲོས་འཛོམས་ལུ་ མི་སེར་གྱི་བསམ་ལེན།

༢༡/༥/༢༠༡༣   ༉ ཁ་ཙ་ ལྷོ་ཕྱོགས་ཐིམ་ཕུ་གི་ འདེམས་ངོ་ཚུ་གི་ སྤྱིར་བཏང་གྲོས་འཛོམས་དེ་ མཁའ་ས་གྲབ་ཅུ་ འབྲིང་རིམ་སློབ་གྲྭ་བར་མའི་ སྤྱི་དོན་ཁང་ནང་སྦེ་ འགོ་འདྲེན་འཐབ་ཡོདཔ་བཞིན་དུ་ འདེམས་ངོ་༤ གིས་ ཁས་བླངས་གསལ་བསྒྲགས་རྐྱངམ་གཅིག་ འབདཝ་མ་གཏོགས་ མི་སེར་དང་འབྲེལ་བའི་ དཀའ་ངལ་བསལ་ནིའི་སྐོར་ལས་ སྲིད་ཚོགས་ཀྱི་འདེམས་ངོ་ གཅིག་གིས་ཡང་ སླབ་ནི་མིན་འདུག་ཟེར་ཨིན་པས།

གནས་ཚུལ་མདོར་བསྡུས།

༢༡/༥/༢༠༡༣
ཁ་ཙ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ བཀྲིས་ཆོས་རྫོང་ནང་སྦེ་ སྤ་རོ་གདོང་དཀར་ལའི་བླམ་དང་ སྤུ་ན་ཁ་ན་ལནྜ་བཤད་གྲྭའི་ དབུ་འཛིན་གཉིས་ལུ་ ལེགས་དར་གནང་ཡོདཔ་ད་ དེ་ཡང་ དབང་འདུས་ཕོ་བྲང་ ཉི་ཤུ་རྒེད་འོག་ལས་ ཚེ་རིང་ (གཡོན་ཁ་ཐུག)དེ་ གདོར་དཀར་ལའི་བླམ་དང་ ན་ལནྜ་བཤད་གྲྭའི་ དབུ་འཛིན་འོག་མ་ སློབ་དཔོན་དོན་གྲུབ་དེ་ དབུ་འཛིན་སྦེ་ བསྐོ་བཞག་གནང་ཡོད་པའི་གནས་ཚུལ།