གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སོ་ནམ་བློན་པོ་བགྲེསཔ་ ཌོག་ཊར་པདྨ་རྒྱ་མཚོ་ ལྡོག་ཕྱོགས་འགོ་ཁྲིདཔ་སྦེ་ གདམ་འཐུ་གྲུབ་ཡོདཔ།

༢༥/༧/༢༠༡༣   ༉ ཁ་ཙ་ འབྲུག་ཕུན་སུམ་ཚོགས་པ་གིས་ བརྡ་བརྒྱུད་ཚུ་ལུ་ གནས་ཚུལ་གསར་བཏོན་ཅིག་འབད་མིའི་ནང་ ཚོགས་པ་གིས་ བཙག་འཐུའི་གྲུབ་འབྲས་དང་བསྟུན་ རྒྱལ་ཁབ་ནང་ ལྡོག་ཕྱོགས་ཀྱི་ དཔེ་སྟོན་རུང་བའི་ཐོག་ལས་ ཕྱག་ཞུ་ནི་གི་ གོ་སྐབས་ཐོབ་མི་དང་བསྟུན་ དམ་ཚིག་གཙང་མའི་ཐོག་ལས་ རྒྱལ་ཁབ་དང་ མི་སེར་གྱི་མཐའ་དོན་ལུ་ ཕྱག་ལེགས་ཤོམ་སྦེ་ར་ ཞུ་ནི་ཟེར་བཤད་ཅི།


ཚོགས་པའི་ཁྲི་འཛིན་འོག་མ་ བློན་པོ་བགྲེསཔ་ ཡེ་ཤེས་སྦྱིན་པ་གིས་ བཤད་མིའི་ནང་ འཛམ་གླིང་ག་ཏེ་ར་འབད་རུང་ བཙག་འཐུའི་སྐབས་ལུ་ ཚོགས་པའི་ལྟ་བ་དང་ རང་སོའི་ ཡིད་ཆེས་དང་བསྟུན་ མི་སྡེའི་ནང་ཁྱད་པར་ཐོན་མི་དེ་ དམངས་གཙོའི་རིང་ལུགས་ནང་ རང་བཞིན་ཅིག་ཨིན་རུང་ བཙག་འཐུ་ཚར་ཞིནམ་ལས་ ཁྱད་པར་ཚུ་རྒྱབ་སྐྱུར་ཐོག་ལས་ རྒྱལ་ཁབ་ཀྱི་མཐའ་དོན་ལུ་ གཙོ་བོར་བཏོན་ཏེ་ ཕྱག་ཞུ་དགོཔ་གལ་ཆེ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གཞུང་སྐྱོང་དང་ ལྡོག་ཕྱོགས་ཚོགས་པ་༢ ཆ་ར་ སྡེ་ཚན་གཅིག་ནང་ འགན་འཁྲི་སོ་སོར་འབག་དགོཔ་མ་གཏོགས་ དམིགས་ཡུལ་དེ་ རྒྱལ་ཁབ་དང་ མི་སེར་ དེ་ལས་ གཙུག་སྡེ་ཁག་ཚུ་གི་ ཕྱག་ཞུ་ནི་དེ་ར་ཨིནམ་ལས་ མཉམ་འབྲེལ་ཐོག་ ཕྱག་ལཱ་མཛད་ནི་གི་དོན་ལུ་ རེ་བ་བསྐྱེད་དེ་ཡོད་ཟེར་ཨིན་པས།
ལྡོག་ཕྱོགས་ཀྱི་འགན་ལེན་ཐོག་ རྒྱལ་ཁབ་ཀྱི་ཕྱག་ཞུ་ནིའི་དོན་ལུ་ ཚོགས་པའི་ཁ་ཐུག་ལས་ སྤྱི་ཚོགས་ནང་ ལྡོག་ཕྱོགས་ཀྱི་ འགོ་ཁྲིདཔ་དེ་ཡང་ ཚོགས་པའི་བཀོད་ཚོགས་ཞལ་འཛོམས་ནང་ལས་ སོ་ནམ་བློན་པོ་བགྲེསཔ་ ཌོག་ཊར་ པདྨ་རྒྱ་མཚོ་ གདམ་འཐུ་འབད་ཡོདཔ་བཞིན་དུ་ ཡོངས་ཁྱབ་ཞལ་འཛོམས་ནང་ལས་ཡང་ ཆ་འཇོག་འབད་ཡོདཔ་ཨིན་པས།
ཚོགས་པའི་གཙོ་འཛིན་འོག་མ་ བློན་པོ་བགྲེསཔ་ ཡེ་ཤེས་སྦྱིན་པ་གིས་ བཤད་མིའི་ནང་ ལྡོག་ཕྱོགས་ཀྱི་ འགན་འཁྲི་འབག་ཐོག་ལས་ རྒྱལ་ཁབ་ལུ་ ཅི་ལྕོགས་གང་ལྕོགས་ཀྱི་ཐོག་ལས་ ཕྱག་ཞུ་དགོཔ་སྦེ་ཨིནམ་བཞིན་དུ་ ལྡོག་ཕྱོགས་འགོ་ཁྲིདཔ་ཡང་ མ་འོངས་ཡུན་རིངམོ་སྦེ་ ཕྱག་ཞུ་ཚུགས་མི་དང་ ཤེས་ཡོན་དང་ལྕོགས་གྲུབ་ཡོདཔ་མ་ཚད་ ཉམས་མྱོང་ཅན་དང་ ལོ་ཚད་ཡང་ དུས་ཐོག་བབས་ཡོད་མི་ རྒས་ཤོས་ཚུ་གི་གྲས་ཁ་ལས་ མེན་མི་ཅིག་དགོཔ་ལས་ དེ་ཚུ་ག་ར་ སོ་ནམ་བློན་པོ་བགྲེསཔ་ ཌོག་ཊར་པདྨ་རྒྱ་མཚོ་ལུ་ མ་ཚང་ཚངམ་སྦེ་ཡོདཔ་ཨིནམ་ ག་ར་གིས་ ཤེས་ཟེར་ཨིན་པས།
ཁ་གིས་འབད་བ་ཅིན་ ད་ལྟོ་ཚུན་ཚོད་ འབྲུག་ཕུན་སུམ་ཚོགས་པ་གིས་ འབྲུག་རྒྱལ་ཁབ་ཀྱི་ ཕྱག་ལེགས་ཤེམ་སྦེ་ ཞུ་ཚུགས་ཡོདཔ་མ་ཚད་ རྒྱལ་སྤྱིའི་གནས་ཚད་ནང་ གཞུང་སྐྱོང་ཚོགས་པའི་ མིང་གཏམ་བཞག་ཡོདཔ་ལས་ དུས་ཅི་གི་ བཙག་འཐུའི་གྲུབ་འབྲས་དང་བསྟུན་ འབྲུག་ཕུན་སུམ་ཚོགས་པ་གིས་ ལྡོག་ཕྱོགས་ཚོགས་པ་འབད་ ཕྱག་ཞུ་ནི་གི་ གོ་སྐབས་གནངམ་བཞིན་དུ་ འཛམ་གླིང་ནང་ ལྡོག་ཕྱོགས་ཚོགས་པ་ ག་བཟུམ་ཅིག་དགོཔ་ཨིན་ནའི་ དཔེ་སྟོན་ཚུགསཔ་ཅིག་གི་ཐོག་ལས་ ཕྱག་ཞུ་ནི་ཟེར་ཨིན་པས།
དམངས་གཙོའི་རིང་ལུགས་དེ་ ལེགས་ཤོམ་འགྱོ་དགོ་པ་ཅིན་ གཞུང་སྐྱོང་ཡང་ ལེགས་ཤོམ་དགོཔ་མ་ཚད་ ལྡོག་ཕྱོགས་ཚོགས་པ་ཡང་ ལེགས་ཤོམ་དགོ་མི་དེ་ གཙོ་བོ་ར་ གཞུང་སྐྱོང་ཚོགས་པའི་ཕྱག་ལཱ་དེ་ འཛོལ་མ་བཅུག་པར་ དྲན་གསོ་འབད་ཐོག་ལས་ མི་སེར་གྱི་མཐའ་དོན་ལུ་ གཙོ་བོར་བཏོན་དགོ་ནི་དེ་གིས་ ཨིན་ཟེར་བཤད་ཅི།
འབྲུག་ཕུན་སུམ་ཚོགས་པ་གིས་ ལྡོག་ཕྱོགས་ཀྱི་ ཕྱག་ཞུ་ནིའི་དོན་ལུ་ སྤྱི་ཚོགས་ནང་འཐུས་མི་ ལྕོགས་གྲུབ་ཅན་༡༥ ཡོདཔ་ལས་ ལྡོག་ཕྱོགས་ནང་ མི་གྲངས་མ་ལང་ལངམ་སྦེ་ཡོདཔ་མ་ཚད་ ག་ར་ཉམས་མྱོང་ཅན་དང་ མང་ཤོས་ཅིག་ར་ འབྲུག་རྒྱལ་༤ པའི་སྐབས་ལས་ར་ རྒྱལ་ཁབ་ཀྱི་ ཕྱག་ཞུ་མི་ཚུ་ཨིནམ་ལས་ ད་ལས་ཕར་ར་འབད་རུང་ ལྡོག་ཕྱོགས་ཀྱི་འགན་འཁྲི་ཐོག་ལས་ རྒྱལ་ཁབ་ལུ་ ཤ་ཚ་ཧིང་ཚ་དང་ དད་དམ་ལྷད་མེད་ཐོག་ལས་ ག་དེ་དྲག་དྲག་ ཕྱག་ཞུ་ཚུགས་པའི་ ཡིད་ཆེས་ཡོད་ཟེར་ཨིན་པའི་གནས་ཚུལ།
 
བསམ་གཏན་ཡེ་ཤེས།

1 comment:

  1. ཀུན་གསལ་གྱིས་གནས་ཚུལ་ཚུ་ ཨིན་སྐད་ཀྱི་ཐོག་ལས་ ཉིན་བསྟར་བཞིན་དུ་ གནས་ཚུལ་སོར་ཏེ་བྱིན་དོ་བཟུམ་སྦེ་ རྫོང་ཁ་ནང་ཡང་བྱིན་ནི་ཡོད་རུང་བཏུབ་པས། ཉིན་གྲངས་གཉིས་དང་གསུམ་གྱི་བར་ན་ཡང་ གནས་ཚུལ་བསྐྱར་གསོ་འབད་ནི་མིན་འདུག། ཡན་ཅིན་ རྫོང་ཁ་རང་ཤུགས་མེད་རྟགས་མཚན་སྟོནམ་ཨིན་ན་ ཡང་ཅིན་ཀུན་གསལ་རང་སྐྱོང་ལས་འཛིན་་ནང་ རྫོང་ཁ་འབྲི་མི་ཉུང་སོངཔ་ཨིན་ན་་་????

    ReplyDelete