གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚོགས་པའི་གཙོ་འཛིན་གྱིས་ ལྡོག་ཕྱོགས་འགོ་ཁྲིད་ཀྱི་ འགན་འཁྲི་མི་འབག་ནི།

༡༩/༧/༢༠༡༣   ༉ མི་མང་གིས་ ལྡོག་ཕྱོགས་འགོ་ཁྲིདཔ་དེ་ བློན་ཆེན་བགྲེསཔ་འོང་ནི་ རེ་བ་བསྐྱེད་པའི་ཁར་ ལ་ལུ་ཅིག་གིས་ ཚོགས་པ་གིས་ ལྡོག་ཕྱོགས་ནང་མ་སྡོད་པར་ དགོངས་ཞུ་འབད་འོང་ག་ཟེར་བའི་ དོགས་པ་ཆགས་མི་ ལེ་ཤ་ཡོདཔ་ཨིན་རུང་ ཁ་ཙ་ ཚོགས་པའི་ བཀོད་ཚོགས་ཞལ་འཛོམས་ནང་ལས་ ཚོགས་པ་གིས་ ལྡོག་ཕྱོགས་ཀྱི་འགན་འཁྲི་ཐོག་ ཕྱག་ཞུ་ནི་དང་ འགོ་ཁྲིདཔ་དེ་ ཚོགས་པའི་གཙོ་འཛིན་མེན་པར་ འཐུས་མི་གཞན་ཅིག་ལུ་ གོ་སྐབས་བྱིན་ནི་སྦེ་ ཐག་བཅད་ནུག།


འབྲུག་ཕུན་སུམ་ཚོགས་པའི་ འཐུས་མི་ཚུ་གིས་ ཁ་ཙ་འབདཝ་ད་ ཉིནམ་༢ ཀྱི་རིང་ ཞལ་འཛོམས་འཚོགས་ཡོདཔ་ད་ དེ་བསྒང་ འཐུས་མི་ཚུ་དང་ རྒྱབ་སྐྱོར་པ་ཚུ་གི་བར་ན་ མོས་མཐུན་བྱུང་མ་ཚུགས་པར་ གྲོས་བསྡུར་ཡུན་རིང་འབད་བའི་ཤུལ་ལུ་ ཚོགས་པའི་ཆེ་རིམ་འཐུས་མི་ བློན་བགྲེསཔ་ཚུ་གིས་ ལྡོག་ཕྱོགས་ཀྱི་འགན་འཁྲི་ཐོག་ ཕྱག་ཞུ་ནི་དང་ ལྡོག་ཕྱོགས་ཀྱི་གོ་གནས་དེ་ ག་གིས་ཡང་ དང་ལེན་མེད་པའི་ཐོག་ འཐུས་མི་གཞན་ཅིག་ལུ་ བྱིན་ནི་སྦེ་ ཐག་བཅད་ནུག།
དེ་ཡང་ ཚོགས་པའི་འཐུས་མི་ཚུ་གིས་ སླབ་མིའི་ནང་ ལྡོག་ཕྱོགས་འགོ་ཁྲིདཔ་དེ་ ལ་ལུ་གིས་ ཚོགས་པའི་གཙོ་འཛིན་གྱིས་འབད་དགོཔ་སྦེ་ སླབ་ཡོད་རུང་ ལེ་ཤ་ཅིག་གིས་ འཐུས་མི་གཞན་ཅིག་ བཀལ་དགོ་པའི་གནད་དོན་ཚུ་ ཐོན་ཡོདཔ་མ་ཚད་ བཙག་འཐུ་གྲུབ་པའི་འཐུས་མི་ལ་ལུ་གིས་ བཙག་འཐུ་དེ་ འདྲ་མཉམ་དང་དྲང་བདེན་ཐོག་མ་འགྱོཝ་ལས་ འཐུས་མི་ལས་ དགོངས་ཞུ་འབད་ནི་གི་གནད་དོན་ཚུ་ཡང་ གྲོས་བསྡུར་བྱུང་ཡི་ཟེར་ཨིན་པས།
བཙག་འཐུ་གྲུབ་མི་ ཚོགས་པའི་འཐུས་མི་ དག་པ་ཅིག་གིས་ སྤྱི་ཚོགས་ནང་འཐུས་མི་སྦེ་སྡོད་ནི་ལུ་ དང་འདོད་མེད་མི་དེ་ཡང་ ཕམ་སོ་ནི་དེ་གིས་མེན་པར་ གཙོ་བོ་ར་ ཚུལ་མིན་གྱི་བྱ་བ་སྣ་ཚོགས་ལུ་བརྟེན་ སེམས་ཕམ་བྱུང་ཡོདཔ་ལས་ སྤྱི་ཚོགས་ནང་སྡོད་རུང་ དགོས་པ་ཅིག་མིན་འདུག་ཟེར་ བཤདཔ་ཨིན་པས།
ཨིན་རུང་ འཐུས་མི་རྒས་ཤོས་ཚུ་གིས་ དེ་སྦེ་མེན་པར་ སྤྱིར་བཏང་འབྲུག་རྒྱལ་ཁབ་ཀྱི་མཐའ་དོན་ལུ་ མནོ་བསམ་བཏང་དགོཔ་དེ་ ག་ནི་བ་ ཁག་ཆེ་བའི་གནད་དོན་ ལེ་ཤ་ཡོདཔ་ལས་ ག་ཡང་དགོངས་ཞུ་འབད་ནི་མེདཔ་སྦེ་ མོས་མཐུན་འབད་ཡོདཔ་ཨིན་པས།
ལྡོག་ཕྱོགས་འགོ་ཁྲིདཔ་དེ་ ཚོགས་པའི་གཙོ་འཛིན་གྱིས་ འབད་དགོཔ་སྦེ་སླབ་ཡོད་རུང་ མང་ཤོས་ཅིག་གིས་ གཞན་མི་ལུ་གོ་སྐབས་བྱིན་དགོ་པའི་ འོས་འབབ་བཀོད་མི་ལུ་བརྟེན་ བློན་པོ་བགྲེསཔ་ཚུ་ག་ར་ འཐུས་མི་སྦེ་ སྤྱི་ཚོགས་ནང་ འབྲེལ་གཏོགས་འབད་ནི་ཨིན་རུང་ ལྡོག་ཕྱོགས་ཀྱི་ གོ་གནས་དེ་ འཐུས་མི་གཞན་ཅིག་ལུ་ འགན་འཁྲི་བཀལ་ནི་སྦེ་ ཐག་བཅད་ཅི་ཟེར་ཨིན་པས།
ལྡོག་ཕྱོགས་གོ་གནས་ཀྱི་ཐད་ལུ་ ཚོགས་པའི་འཐུས་མི་ཚུ་གི་གྲས་ལས་ ལོ་རྒྱུས་གོ་མི་དང་ཁྲིལཝ་ད་ བྱང་ཐིམ་ཕུ་གི་འདེམས་ངོ་ ཀུན་དགའ་ཚེ་རིང་དང་ ཡང་ཅིན་ མོང་སྒར་གྲ་མེད་རྩེ་སྔ་ཚང་གི་འདེམས་ངོ་ ཨོ་རྒྱན་དབང་འདུས་ དེ་ལས་ སོ་ནམ་བློན་པོ་བགྲེསཔ་ པདྨ་རྒྱ་མཚོ་ཚུ་ འོང་ནི་གི་འོས་འབབ་ཡོདཔ་སྦེ་ བཤད་མི་ཐོནམ་ཨིན་པས།
གྲོས་བསྡུར་འབད་བའི་སྐབས་ལུ་ འཐུས་མི་༡༥ པོ་ ག་ར་གིས་ དགོངས་ཞུ་འབད་ནི་གི་ ལོ་རྒྱུས་ཚུ་ཡང་ ཐོན་ཡོདཔ་མ་ཚད་ ལ་ལུ་གིས་ རྩ་བ་ཉིད་ལས་ བཙག་འཐུའི་འགོ་འདྲེན་གནས་སྟངས་ལུ་ སེམས་ཕམ་གྱི་གནད་དོན་ཐོག་ དགོངས་ཞུ་འབད་ནི་སྦེ་སླབ་སྟེ་ གྲོས་བསྡུར་ཚབས་ཆེན་སྦེ་ར་ བྱུང་ཡི་ཟེར་ཨིན་པས།
ཚོགས་པའི་རྒྱབ་སྐྱོར་པ་ཚུ་གིས་ཡང་ འཐུས་མི་དེ་ཚུ་ སྤྱི་ཚོགས་ནང་སྡོད་དགོ་པ་ཅིན་ བཙག་འཐུའི་རིང་ལུགས་ཚུ་ དྭངས་གསལ་དགོཔ་ཨིནམ་ལས་ ག་ར་དགོངས་ཞུ་འབད་དགོཔ་སྦེ་ སླབ་མི་ཡང་ ལེ་ཤ་ཐོན་ཡོད་རུང་ སྤྱིར་བཏང་རྒྱལ་ཁབ་ཀྱི་མཐའ་དོན་ལུ་ལྟ་སྟེ་ ལྡོག་ཕྱོགས་ཀྱི་ འགན་འཁྲི་འབག་སྟེ་ ཕྱག་ཞུ་ནི་གི་ གྲོས་ཆོད་བྱུང་ཡོདཔ་ཨིན་པས།
ད་རིས་ ན་གཞོན་དཔལ་རིའི་ ཞལ་འཛོམས་ཁང་ནང་སྦེ་ ཚོགས་པའི་ཉིནམ་༣ ཀྱི་ ཞལ་འཛོམས་དེ་ མཐའ་བསྡོམས་ཀྱི་ གྲོས་བསྡུར་དང་ གསལ་བཤད་ཚུ་གི་ཐོག་ལས་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment