གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་ཡོངས་ཚོགས་སྡེ་གིས་ ནང་འཁོད་རྩུབ་སྤྱོད་བཀག་སྡོམ་དཔྱད་ཡིག་ ཆ་འཇོག་གྲུབ་ཡོདཔ།

༡༩/༢/༢༠༡༣   ༉ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེ་གིས་ འབྲུག་གི་ནང་འཁོད་རྩུབ་སྤྱོད་བཀག་སྡོམ་དཔྱད་ཡིག་༢༠༡༢ ཅན་མ་ འཕྲི་སྣོན་མཛད་དགོ་མི་ཚུ་ལུ་ གསུང་གྲོས་ཞིབ་པར་གནང་བའི་ཤུལ་ལུ་ འཐུས་མི་༢༠ ལས་༡༩ གིས་ དགོཔ་སྦེ་ ཚོགས་རྒྱན་བཙུགས་ཐོག་ལས་ བཅའ་ཁྲིམས་ལུ་ བསྒྱུར་བཅོས་ཀྱི་ ཆ་འཇོག་གྲུབ་ཅི།


སྤྱི་ཚོགས་༡ པའི་ཚོགས་ཐེངས་༩ པའི་ནང་ དཔྱད་ཡིག་དེ་ རྒྱལ་ཡོངས་ཚོགས་འདུ་གིས་ ཆ་འཇོག་གྲུབ་པའི་ཤུལ་ལས་ རྒྱལ་ཡོངས་ཚོགས་སྡེའི་ནང་ གསུང་གྲོས་གནང་ནིའི་དོན་ལུ་ ཕུལ་ཡོདཔ་ད་ སྤྱི་ཟླ་༢ པའི་ཚེས་༡༤ ལུ་ ཚོགས་ཐེངས་༡༠ པ་འཚོགས་པའི་སྐབས་ དོན་ཚན་ཚུ་ནང་ གྲོས་བསྡུར་གནང་ཡོདཔ་ཨིན་པས།
དཔྱད་ཡིག་གི་ལེའུ་༦ པ་ དམིགས་བསལ་གྱི་ཁྲིམས་འདུན་ ས་ཁྱོན་དབང་ཁྱབ་དང་ རྩོད་བཤེར་གྱི་ དོན་ཚན་༤༤ པ་ རྒྱལ་ཡོངས་ཁྲིམས་སྡེ་ལྷན་ཚོགས་ཀྱི་ གྲོས་འདེབས་ཐོག་ལུ་ འབྲུག་རྒྱལ་པོའི་ཞབས་ལས་ བཅའ་ཁྲིམས་ལུ་བརྟེན་པའི་ འགན་འཁྲི་ཚུ་འགྲུབ་ཐབས་དང་དབང་ཚད་བསྟར་སྤྱོད་འབད་ནིའི་དོན་ལུ་ ཁྲིམས་འདུན་སོ་སོ་ཅིག་གཞི་བཙུགས་གནང་ཆོག་ཟེར་ འཁོད་མི་དེ་ རྒྱལ་ཡོངས་ཚོགས་འདུ་ལས་ ཕྱིར་འབུད་བཏང་ཡོདཔ་ཨིན་པས།
ཨིན་རུང་ རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་ རྣམ་རྒྱལ་དཔལ་འབྱོར་གྱིས་ དོན་ཚན་དེ་གི་ཐོག་ལུ་ ལོགས་སུ་སྦེ་ གསུང་གྲོས་གནང་དགོཔ་མེདཔ་ལས་ དོན་ཚན་དེ་ ཨ་རྟག་འཁོད་ཡོད་དོ་བཟུམ་སྦེ་བཞག་ནི་ ཡང་ན་ ཕྱིར་འབུད་མཛད་མི་ཐོག་ལུ་བཞག་ནིའི་དོན་ལུ་ ཚོགས་རྒྱན་བཙུགས་པའི་སྐབས་ འཐུས་མི་༦ གིས་ ཕྱིར་འབུད་བཏང་མི་དང་ འཐུས་མི་༡༣ གིས་ རང་འཇགས་བཞག་ནི་ལུ་ ཚོགས་རྒྱན་བཙུགས་ཡོདཔ་ལས་ དོན་ཚན་དེ་ རང་འཇགས་སྦེ་ ཆ་འཇོག་གྲུབ་ཅི།
ཧཱ་གི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ ཚེ་རིང་རྡོ་རྗེ་གིས་ གྲོས་འཆར་བཀོད་མི་དང་འཁྲིལཝ་ད་ འབྲུག་གི་ ནང་འཁོད་རྩུབ་སྤྱོད་བཀག་སྡོམ་བཅའ་ཁྲིམས་༢༠༡༣ ཅན་མ་དེ་ ཆ་འཇོག་གྲུབ་པའི་ཤུལ་ལས་ བཟའ་ཚང་དང་ ཕམ་བུ་གཞིས་ འཆམ་མཐུནམ་ ཨ་རོགས་དགའ་རོགས་ དེ་ལས་ འབྲེལ་བ་ཡོད་པའི་མི་ཚུ་གི་བར་ན་ བཅའ་ཁྲིམས་དེ་ལུ་བརྟེན་ མི་ཚེའི་ནང་ བདེ་སྡུག་གཅིག་མཐུན་ཐོག་ལས་བསལ་ཏེ་ ལེགས་ལམ་ལུ་བསྒྱུར་ནིའི་ དམིགས་དོན་ཨིན་ཟེར་ཨིན་པས།
ཁྲིམས་ཀྱི་དགོངས་དོན་ཚུ་ གོ་བ་སོ་སོ་སྦེ་ལེན་ཞིནམ་ལས་ དོན་དག་ཆུང་ཀུ་ཅིག་ལུ་བརྟེན་ བློ་སྦོམ་བཟོ་སྟེ་ གཉེན་ཡ་བྲལ་འགྱོ་ནི་དང་ འཆམ་མཐུནམ་གི་བར་ན་ བར་དཀྲོགས་འབད་ནི་ ཕམ་དང་བུ་གཞིས་ཀྱི་བར་ན་ སྡུག་སྦྱོང་ཕོག་ནིའི་ཉེན་ཁ་སྦོམ་ཡོདཔ་ལས་ གལ་སྲིད་ ཁྲིམས་འདུན་ལུ་ཐུག་སྟེ་འབད་རུང་ དྲང་དཔོན་ཚུ་གིས་ ཞིབ་འཚོལ་དང་ ཞིབ་རྟོག་ལེགས་ཤོམ་མཛད་དགོཔ་གལ་ཆེ་བའི་ཁར་ འབྲེལ་བ་ཡོད་པའི་དབང་འཛིན་འགོ་དཔོན་ཚུ་གིས་ གོ་བ་བརྡ་སྤྲོད་དང་ སྔོན་འགོག་འབད་དགོཔ་ཁག་ཆེ་ཟེར་ཞུ་ཡི།
ཐིམ་ཕུ་ཚོགས་སྡེའི་འཐུས་མི་ སངས་རྒྱས་བཟང་མོ་གིས་ གཉེན་ཡ་བྲལ་འགྱོ་བའི་མཐའ་མར་ གནས་ཚང་དང་ ཨ་ལུ་ལུ་ སྡུག་སྦྱོང་ཕོག་པའི་ཁར་ ཁྲིམས་འདུན་ལུ་བཅར་ཏེ་འབད་རུང་ འཚེར་སྣང་དང་ འདྲོག་འཇིགས་ལང་དགོ་མི་དེ་ གནད་དོན་ག་ཅི་ཨིན་ན་ ཧ་གོ་མི་ཚུགས་པས་ཟེར་ཞུ་ཡི།
འབྲུག་གི་ནང་འཁོད་རྩུབ་སྤྱོད་བཀག་སྡོམ་བཅའ་ཁྲིམས་༢༠༡༣ ཅན་མ་ ཆ་འཇོག་གྲུབ་མི་དང་འབྲེལ་ ཚོགས་ཁང་ནང་ ལྷོ་ཨེ་ཤི་ཡ་ལུང་ཕྱོགས་མཐུན་འབྲེལ་ཚོགས་པའི་ ལུང་ཕྱོགས་གནས་ཚད་ཀྱི་ ལག་ལེན་ཆིངས་ཡིག་དང་ རིམ་དཔྱད་ཤོ་མཚུངས་ཐོག་ངོས་བཟུང་འབད་ནིའི་ ཕྱོགས་སྣའི་ཆིངས་ཡིག་ཡང་ ཆ་འཇོག་མཛད་གནང་ཡི།
ད་རིས་ ཚོགས་ཁང་ནང་ ལམ་གྱི་དཔྱད་ཡིག་དང་ དམངས་རྩིས་ཚོགས་ཆུང་གི་སྙན་ཞུ་༢༠༡༢ ཅན་མའི་ཐོག་ལུ་ གསལ་ཞུ་ཕུལ་ནི་དང་ རྒྱལ་ཁབ་ནང་ ས་གཏེར་དང་འབྲེལ་བའི་ལཱ་རིགས་ བརྟག་ཞིབ་སྙན་ཞུ་ཚུ་ཡང་ གསལ་ཞུ་ཕུལ་ནིའི་ གྲོས་གཞི་ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment