གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིག་པའི་སྣང་འཆར།

༢༥/༢/༢༠༡༣   དགའཝ་མ་དགའཝ་བསྐྱེད་ནི་དང་ ཆགས་སྡང་ཕྱོགས་རིས་ཕྱེ་དགོཔ་མེདཔ།
༉ འབྲུག་རྒྱལ་ཁབ་འདི་ དམངས་གཙོའི་རིང་ལུགས་ཀྱི་ སོར་བསྒྱུར་ནང་ཞུགས་ཏེ་ ད་རིས་འབདཝ་ད་ ཧ་ལམ་ལོ་༥ ལང་ཡོདཔ་ལས་ དམངས་གཙོ་ཟེར་མི་དེ་ ག་ཅི་བཟུམ་ཨིན་ན་ མི་སེར་མང་ཤོས་ཅིག་གིས་ དུམ་གྲ་རེ་ ཧ་གོ་ཡོད་པའི་ མཐོང་སྣང་བྱུངམ་ཨིན་མས།


འདི་དང་གཅིག་ཁར་ ང་བཅས་རའི་ འབྲུག་མི་ཚུ་ འབྲུག་གི་སྤྱི་ཚོགས་༢ པའི་བཙག་འཐུའི་བྱ་རིམ་ཚུ་གི་དོན་ལུ་ གྲ་སྒྲིག་འབད་བའི་བསྒང་ཡོདཔ་བཞིན་དུ་ སྲིད་དོན་ཚོགས་པ་ཡང་ ཧེ་མ་ལས་༢ ཡོད་མི་མ་རྩིས་བར་ སྲིད་ཚོགས་གསརཔ་༣ ཐོན་ཡོད་མི་ཚུ་གི་དོན་ལུ་ འདེམས་ངོ་ཚུ་ འཚོལ་བཞིན་དུ་ཡོདཔ་ཨིན།
བྱ་རིམ་དེ་ཚུ་ལུ་ལྟཝ་ད་ ལྕོགས་གྲུབ་ཅན་དང་ ཤེས་ཡོན་ཅན་ཚུ་གིས་ སྲིད་དོན་ནང་ འཛུལ་ཐོག་ལས་ འབྲུག་གི་མི་སེར་དམངས་གཙོའི་རིང་ལུགས་ཀྱི་ གཞི་འགྱམ་སྒྲིང་སྒྲིང་བཟོ་ནི་དང་ གཞུང་ལྟེ་བའི་ནང་ མི་སེར་གྱི་ སྐུ་ཚབ་སྦེ་ འབྲེལ་གཏོགས་འབད་དེ་ ཞབས་ཏོག་ཞུ་ནི་དང་ ཧེ་མར་ མི་སེར་ཚུ་ལུ་ ཕྱག་ཞུ་ནི་གི་ གོ་སྐབས་མ་ཐོབ་མི་ཚུ་གི་དོན་ལུ་ ཞབས་ཏོག་འཕྲོ་མཐུད་ཞུ་ནི་གི་ གོ་སྐབས་ཅིག་ཨིན་མས།
དམངས་གཙོའི་ནང་ ལྕོགས་གྲུབ་ཅན་དང་ ཁྱད་པར་བཟོ་ཚུགས་མི་ཚུ་ གདོང་ཁར་ཐོན་ཏེ་ ལྷན་ཐབས་མ་འབད་བ་ཅིན་ ད་ལྟོ་ ར་བཏགས་པའི་བསྒང་ཨིན་མི་ དམངས་གཙོའི་ལམ་ལུགས་དེ་ རྒྱལ་ཁབ་གཞན་བཟུམ་སྦེ་ མཐར་འཁྱོལ་འབྱུང་མི་ཚུགས།
དམངས་གཙོའི་རིང་ལུགས་དང་ སྲིད་དོན་པ་བཟུམ་སྦེ་ར་ བརྡ་བརྒྱུད་ལུ་ཡང་ འགན་ཁུར་འདྲ་མཉམ་ཕོག་སྟེ་ཡོདཔ་ལས་ བརྡ་བརྒྱུད་མེད་པ་ཅིན་ དམངས་གཙོའི་བྱ་རིམ་དེ་ བཏགས་སར་སྐྱེལ་མི་ཚུགས།
ཨིན་རུང་ ད་རེས་ནངས་པ་ སྲིད་དོན་པ་སྦེ་ཐོན་མི་ འདེམས་ངོ་ལ་ལུ་ཅིག་དང་ སྲིད་ཚོགས་དག་པ་ཅིག་གིས་ བརྡ་བརྒྱུད་ལུ་ གནས་ཚུལ་དྲང་བདེན་མེདཔ་དང་ ཕྱོགས་གཅིག་སྦེ་ ཁྱབ་སྤེལ་འབད་བའི་སྐོར་ ཁ་གཏང་ནི་དང་ སྐྱོན་བརྗོད་འབད་ནི་ཚུ་ འགོ་བཙུགས་ཡོད་མི་དེ་ གཅིག་ལས་ལྟ་བ་ཅིན་ མི་མང་གི་ གྲོས་བསྡུར་དོན་ལུ་ ལེགས་ཤོམ་ཅིག་ཨིན་རུང་ ཕྱོགས་གཅིག་ལས་ ལེགས་ཤོམ་སྦེ་ བསམ་དཔྱད་འབད་བ་ཅིན་ རང་གི་གདོང་ཉེསཔ་འདི་ སེམས་གྱིས་ཚོར་དགོ་ཟེར་ དཔེ་གཏམ་སླབ་སྲོལ་ཡོདཔ་བཟུམ་ འདི་བཟུམ་མའི་ མི་ཚུ་གིས་ ཁ་བཏངམ་ཨིན་མས།
བརྡ་བརྒྱུད་ཀྱི་ འགན་ཁུར་ངོ་མ་དེ་ མི་མང་ལུ་ གནས་ཚུལ་དྲན་བདེན་དང་ ཕྱོགས་ལྷུང་མེདཔ་སྦེ་ བརྡ་སྤེལ་ནི་ཚུ་ཨིནམ་ལས་ ལེགས་ཤོམ་ལུ་ ལེགས་ཤོམ་དང་ ཟོགཔ་ལུ་ཟོགཔ་སྦེ་ར་ གསལ་བཀོད་མ་འབད་བ་ཅིན་ གྲོང་གསེབ་གནས་ཚད་ལས་པར་སྡོད་མི་ མི་སེར་ཚུ་གིས་ འདི་བཟུམ་མའི་ འགན་འཁྲི་ག་ལུ་ཕོགཔ་ཨིན་ན་ ཧ་གོ་མི་ཚུགས།
སྲིད་དོན་པ་དང་ སྲིད་ཚོགས་ཚུ་གིས་ འདི་བཟུམ་མའི་ ཁ་བཏང་མི་དེ་ ད་རིས་རྐྱངམ་གཅིག་མེན་པར་ སྤྱི་ལོ་༢༠༠༨ ལུ་ སྤྱི་ཚོགས་དང་པའི་ བཙག་འཐུ་འགོ་འདྲེན་མ་འཐབ་པའི་ཧེ་མར་ཡང་ སྲིད་ཚོགས་གཉིས་ཆ་ར་གིས་ ཀུན་གསལ་ལུ་ འབྲེལ་ཡོད་སྲིད་ཚོགས་ལུ་ རྒྱབ་སྐྱོར་འབདཝ་མས་ཟེར་ ཁ་ཉེས་བཀལ་ཡོདཔ་ཨིན།
ཀུན་གསལ་གྱི་ཐད་ལུ་ སྲིད་ཚོགས་ག་ར་ལུ་ གོ་སྐབས་འདྲ་མཉམ་བྱིན་དོ་ཡོདཔ་མ་ཚད་ གནས་ཚུལ་ཚུ་ ཁྱབ་སྤེལ་འབད་མི་དེ་ཡང་ གནད་དོན་དང་འཁྲིལ་ འགྱོ་དོ་ཡོདཔ་བཞིན་དུ་ ད་ལས་ཕར་འབད་རུང་ གནས་སྟངས་དང་འཁྲིལ་ གནས་ཚུལ་གསལ་བཀོད་འབད་ནི་མ་གཏོགས་ སྲིད་ཚོགས་ག་ལུ་ཡང་ དགའཝ་མ་དགའཝ་བསྐྱེད་དགོཔ་མེདཔ་མ་ཚད་ ཆགས་སྡང་ཕྱོགས་རིས་ཕྱེ་དགོཔ་ཡང་མེད།
འདི་འབདཝ་ལས་ ལེགས་ཤོམ་ལུ་ གནས་ཚུལ་བཟང་པོ་གསལ་བཀོད་དང་ འོས་འབབ་མེད་པའི་ ལག་ལེན་དང་ འཐུས་ཤོར་བྱུང་མི་ཚུ་ གསང་མ་བཞག་པར་ མི་མང་ལུ་ བརྡ་དོན་སྤྲོད་ནི་དེ་ བརྡ་བརྒྱུད་ཀྱི་ འགན་ཁུར་ཨིན་ཟེར་ ཞུ་ནི་ཨིན།

No comments:

Post a Comment