གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་དབང་མངའ་ཞབས་མཆོག་ ཌ་ཀ་ལས་ ད་རིས་ ལོག་ཕེབས་གནང་ནི།

༡༩/༢/༢༠༡༣   ༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་རྣམ་གཉིས་ བང་ལ་དེཤ་གི་ མི་སེར་རྒྱལ་ཁབ་ནང་ ཉིན་གྲངས་༥ གི་རིང་ ཆིབས་བསྐྱོད་གནང་པའི་ཤུལ་ལུ་ ད་རིས་ རྒྱལ་ས་ལྟེ་བ་ལུ་ ལོག་ཕེབས་གནང་ནི་ཨིན་པས།
ཚོགས་སྟོན་གྱི་སྐབས་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་རྣམ་གཉིས་ བང་ལ་དེཤ་གི་ སྲིད་འཛིན་དང་ སྲིད་བློན་གཉིས་དང་ ལྷན་བཞུགས་གནང་པའི་བསྒང་།


སྤྱི་ཟླ་༢ པའི་ཚེས་༡༤ ལས་༡༩ ཚུན་ གཟིགས་སྐོར་གནང་པའི་སྐབས་ མི་དབང་རྒྱལ་བཙུན་རྣམ་གཉིས་ཀྱིས་ ཌ་ཀ་ལུ་ དར་མ་ར་ཇི་ཀ་ བའུ་ད་ བི་ཧ་ར་ཟེར་མི་ ནང་པའི་ལྷ་ཁང་ནང་བྱོན་ཏེ་ ཐུགས་སྨོན་ གནང་ཡོདཔ་ཨིན་པས།
དེ་བསྒང་ ནང་པའི་ཆོས་སྡེ་གིས་ མི་དབང་རྒྱལ་བཙུན་རྣམ་གཉིས་ལུ་ དུས་རབས་༡༠ པའི་ ནང་པའི་སློབ་དཔོན་ ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་གི་རིང་བསྲེལ་དང་ སྤུར་ཐལ་ཕུལ་ཡོདཔ་ད་ མི་དབང་མཆོག་གིས་ ལྷ་ཁང་དེ་ནང་ ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་ སྐུ་རྟེན་དང་ མཆོད་རྟེན་གསར་བཞེངས་ཀྱི་དོན་ལུ་ འགྱམ་རྡོ་བཙུགས་གནང་ནུག།
ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དེ་ རྒྱ་གར་གྱི་ མཁན་ཆེན་དང་ དགེ་བཤེས་ཡོངས་གྲགས་ཅན་ཅིག་ཨིནམ་ད་ རྒྱལ་རབས་དང་འཁྲིལ་བ་ཅིན་ ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་གིས་ བོད་ལུ་ ལོ་༡༠ གྱི་རིང་ ཆོས་གནང་ དཔེ་ཆ་ཚུ་ སྐད་སྒྱུར་རྐྱབ་སྟེ་ བཞུགས་ཡོདཔ་མ་ཚད་ གངས་ལྗོངས་རྒྱལ་ཁབ་དེ་ནང་ ནང་པའི་ཆོས་ཡང་བསྐྱར་དུ་ སྒྲིང་སྒྲིང་བཟོ་གནང་ཡོདཔ་ཨིན་པས།

དེ་ལས་ སྤྱི་ཟླ་༢ པའི་ཚེས་༡༥ གི་ཕྱི་རུ་ བང་ལ་དེཤ་གི་སྲིད་བློན་ ཨམ་ཤེག་ཧ་སི་ན་གིས་ མི་དབང་རྒྱལ་བཙུན་རྣམ་གཉིས་ཀྱི་དོན་ལུ་ ཚོགས་སྟོན་ལས་རིམ་ཅིག་ འགོ་འདྲེན་འཐབ་ཡོདཔ་ད་ སྲིད་བློན་ཤེག་ཧ་སི་ན་དེ་ སྤྱི་ལོ་༢༠༠༩ ལོའི་སྔ་ཆ་ལུ་ སྲིད་བློན་སྦེ་ བཙག་འཐུ་གྲུབ་པའི་ཤུལ་ལུ་ སྤྱི་ཟླ་༡ པའི་ནང་ འབྲུག་ལུ་ གཟིགས་སྐོར་གནང་ཡོདཔ་མ་ཚད་ སྤྱི་ལོ་༢༠༡༠ ཟླཝ་༤ པའི་ནང་ ཐིམ་ཕུ་ལུ་ ལྷོ་ཨེ་ཤི་ཡ་ ལུང་ཕྱོགས་མཐུན་འབྲེལ་ཚོགས་པའི་ དབུ་ཁྲིད་ཞལ་འཛོམས་ཐེངས་༡༦ པ་འཚོགས་གནང་པའི་སྐབས་ལུ་ཡང་ བྱོན་ཡོདཔ་ཨིན་པས།
སྤྱི་ཟླ་༢ པའི་ཚེས་༡༧ ལུ་ མི་དབང་མཆོག་གིས་ བང་ལ་དེཤ་གི་ ལྡོག་ཕྱོགས་འགོ་ཁྲིདཔ་དང་ བང་ལ་དེཤ་ ནེ་ཤ་ན་ལིསིཊ་ཚོགས་པའི་ཁྲི་འཛིན་ ཨམ་བི་གམ་ ཁ་ལི་ད་ཟི་ཡ་དང་ མཇལ་ཕྲད་གནང་ཡོདཔ་ཨིན་པས།
དེ་མ་ཚད་ མི་དབང་མངའ་ཞབས་མཆོག་ ཌ་ཀ་ལུ་བཞུགས་རིང་ ཕྱི་འབྲེལ་བློན་པོ་ ཌོག་ཊར་དི་པུ་ མོ་ནི་དང་ སྲིད་དོན་འགོ་འཛིན་ ཤེས་རིག་མཁས་མཆོག་ དེ་ལས་ བང་ལ་དེཤ་གི་ ཡོངས་གྲགས་ཅན་གྱི་མི་ངོ་ཚུ་དང་ བང་ལ་དེཤ་ལུ་ སློབ་སྦྱོང་འབད་མི་ འབྲུག་པའི་སློབ་ཕྲུག་ཚུ་དང་ཡང་ མཇལ་ཕྲད་མཛད་གནང་ནུག།
མི་དབང་མངའ་བདག་རིན་པོ་ཆེ་མཆོག་ གསེར་ཁྲིར་མངའ་གསོལ་མཛད་ཞིནམ་ལས་ ད་རིས་ བང་ལ་དེཤ་ལུ་ གཟིགས་སྐོར་གནང་མི་དེ་ ཐེངས་གཉིས་པ་ཨིནམ་ད་ ཐེངས་དང་པ་དེ་ སྤྱི་ལོ་༢༠༡༡ ཟླཝ་༣ པའི་ཚེས་༢༦ ལུ་ བང་ལ་དེཤ་རྒྱལ་ཁབ་རང་དབང་ཐོབ་སྟེ་ མི་ལོ་༤༠ འཁོར་བའི་ དུས་སྟོན་བརྩི་སྲུང་ནང་ སྐུ་མགྲོན་གཙོ་བོ་སྦེ་ བྱོན་གནང་དགོ་པའི་ མགྲོན་བརྡ་ཕུལ་མི་དང་འཁྲིལ་ ཆིབས་བསྐྱོད་གནང་ཡོདཔ་ཨིན་པས།
རྒྱལ་པོའི་བརྡ་དཔོན་ཡིག་ཚང་ལས་ གནས་ཚུལ་གསར་བཏོན་འབད་མིའི་ནང་ ཆེ་མཐོའི་དབུ་ཁྲིད་གནས་རིམ་ནང་ ཕན་ཚུན་གཟིགས་སྐོར་གནང་མི་དེ་གིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ བང་ལ་དེཤ་གི་ དབུ་ཁྲིད་ཀྱི་བར་ན་ མཛའ་བརྩེ་དང་ མཐུན་འབྲེལ་ལེགས་ཤོམ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་ཟེར་བཀོད་ནུག།
མི་དབང་མཆོག་དང་ ཕྱག་ཞུ་སྟེ་ ཕྱི་འབྲེལ་བློན་པོའི་ འགན་འཛིན་པ་ བསྟན་རྒྱས་བློན་པོ་ མཁའ་འགྲོ་དབང་ཕྱུག་དང་ བསྟན་རྒྱས་དྲུང་ཆེན་ དྲགོས་བསོད་ནམས་ཚེ་རིང་ བསྟན་སྲུང་དྲག་པོའི་གཙོ་འཛིན་ གུང་བློན་འོག་མ་ བ་ཀྲོ་ཚེ་རིང་དང་ སྐུ་སྲུང་དམག་སྡེའི་གཙོ་འཛིན་ དོན་གྲུབ་ཚེ་རིང་ དེ་ལས་ གཞུང་གི་ཆེ་མཐོའི་འགོ་དཔོན་ཚུ་ བྱོན་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

No comments:

Post a Comment