གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཏེར་སྟོན་སྡེ་ཚན་གྱིས་ གཱོལ་༡༧ བཙུགས་ཡོདཔ།

༦/༢/༢༠༡༣   ༉ ཐིམ་ཕུ་ལྕང་གླིང་མི་ཐང་ནང་སྦེ་ ད་རེས་ནངས་པ་ རྩེད་འགྲན་འབད་བའི་བསྒང་ཡོད་མི་ ཕུཊ་སཱལ་ཕུཊ་བཱོལ་འགྲན་བསྡུར་ནང་ ད་ཚུན་ གཱོལ་༡༧ བཙུགས་ཏེ་ སྡེ་ཚན་ཅིག་ལས་ རྒྱལ་ཁ་ཐོབ་མི་དེ་ གཏེར་སྟོན་ཨེཕ་སི་སྡེ་ཚན་རྐྱངམ་གཅིག་ཨིན་པས།
གཏེར་སྟོན་སྡེ་ཚན་གྱི་རྩེད་འགྲན་པ་ཨང་༡༠ པ་གིས་ གཱོལ་བཙུགས་པའི་བསྒང་།


དེ་ཡང་ ཁ་ཙ་ གཏེར་སྟོན་དང་ བདག་འཛིན་༢༠༡༣ སྡེ་ཚན་གཉིས་ཀྱི་བར་ན་ རྩེད་འགྲན་འབདཝ་ད་ གཏེར་སྟོན་སྡེ་ཚན་གྱི་ རྩེད་འགྲན་འབད་མི་ཚུ་གིས་ རང་སོའི་མཁས་རིག་དང་ རྩེད་འགྲན་འབད་ཐངས་ ཆ་རོགས་གཅིག་གིས་གཅིག་ལུ་ བཱོལ་སྤྲོད་ཐངས་ བྱང་ཕྱད་ལས་ བཱོལ་འཕྱོག་ཐངས་ རང་ཕྱོགས་ལུ་ གཱོལ་བཙུགས་ནི་འབད་བའི་སྐབས་ དོ་འགྲན་འབད་ཐངས་ དེ་ལས་ བྱང་ཕྱད་སྡེ་ཚན་ལུ་ གཱོལ་བཙུགས་ཐངས་ཚུ་ ལེགས་ཤོམ་ཡོདཔ་ལས་ ལྟདམོ་བལྟ་མི་ཚུ་ ངལ་རངས་བྱུང་ཡོདཔ་ཨིན་པས།
སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འགོ་བཙུགས་ཏེ་ དུས་ཡུན་སྐར་མ་༥ ཚུན་ གཱོལ་བཙུགས་མ་ཚུགས་རུང་ དུས་ཡུན་སྐར་མ་༡༠ འགྱོཝ་ད་ གཏེར་སྟོན་གྱི་ རྩེད་འགྲན་འབད་མི་ ཚེ་རིང་དོན་གྲུབ་ཀྱིས་ གཱོལ་༡ པ་བཙུགས་པའི་ཤུལ་ལུ་ ཀརྨ་བློ་གྲོས་ཀྱིས་ དུས་ཡུན་སྐར་མ་༡༣ ལུ་ གཱོལ་༢ པ་བཙུགས་ཡོདཔ་ད་ སྐར་མ་༡༥ ལུ་ ད་རུང་ ཚེ་རིང་དོན་གྲུབ་ཀྱིས་ གཱོལ་༣ པ་དེ་ བཙུགས་ཅི།
བར་མཚམས་ངལ་གསོའི་སྐབས་ གཏེར་སྟོན་སྡེ་ཚན་གྱིས་ གཱོལ་༣ བཙུགས་ཡོད་རུང་ བྱང་ཕྱད་སྡེ་ཚན་གྱིས་ གཱོལ་༡ ཡང་བཙུགས་མ་ཚུགས་པར་ ལུས་ཡོདཔ་ཨིན།
དེ་བཟུམ་སྦེ་ ལོག་རྩེད་འགྲན་འབད་ནི་འགོ་བཙུགས་ཏེ་ དུས་ཡུན་སྐར་མ་༡ གི་ནང་འཁོད་ ཚེ་རིང་དོན་གྲུབ་ཀྱིས་ ཆ་རོགས་ཅིག་ལུ་ བཱོལ་སྤྲོད་མི་དང་གཅིག་ཁར་ གཱོལ་བཙུགས་ཡོདཔ་ཨིན།
གཏེར་སྟོན་སྡེ་ཚན་གྱི་རྩེད་འགྲན་འབད་མི་ཚུ་གིས་ གཱོལ་གཅིག་ཤུལ་གཉིས་སྦེ་བཙུགས་ཏེ་ དུས་ཡུན་སྐར་མ་༢༧ ལུ་ བྱང་ཕྱད་སྡེ་ཚན་ལུ་ བསྡོམས་ཀྱིས་ གཱོལ་༡༥ བཙུགས་ཡོདཔ་ལས་ བདག་འཛིན་༢༠༡༣ སྡེ་ཚན་གྱི་ རྩེད་འགྲན་འབད་མི་ཚུ་གིས་ གཱོལ་གཅིག་ཡང་ བཙུགས་མ་ཚུགས་རུང་ དཔའ་ཉམས་དང་ལྡན་པའི་སྒོ་ལས་ རྩེད་འགྲན་འབད་དེ་ སྐར་མ་༢༨ དང་༢༩ འི་ནང་ གཱོལ་༢ བཙུགས་ཡོདཔ་ཨིན།
ད་རུང་ ཚེ་རིང་དོན་གྲུབ་དང་ ཟླ་བ་ཚེ་རིང་༢ ཀྱིས་ དུས་ཡུན་སྐར་མ་༣༠ འི་ནང་ གཱོལ་རེ་རེ་བཙུགས་ཏེ་ བསྡོམས་ཀྱིས་ གཱོལ་༡༧ བཙུགས་པའི་གྲས་ལས་ ཚེ་རིང་དོན་གྲུབ་ཀྱིས་ གཱོལ་༧ དང་ ཀརྨ་བློ་གྲོས་དང་ ཟླ་བ་ཚེ་རིང་གིས་ གཱོལ་༤ རེ་ འདྲན་འདྲ་བཙུགས་ཡོདཔ་ད་ གཱོལ་༢ དེ་ ཆ་རོགས་ཚུ་གིས་ བཙུགས་ཡོདཔ་ཨིན་པས།
གཱོལ་༧ བཙུགས་མི་ སྐལ་སྐྱིད་འབྲིང་རིམ་སློབ་གྲྭ་གོང་མའི་ སློབ་རིམ་༡༢ པའི་སློབ་ཕྲུག་ ཚེ་རིང་དོན་གྲུབ་ཀྱིས་ སླབ་མི་དང་འཁྲིལཝ་ད་ ཕུཊ་བཱོལ་རྩེད་འགྲན་འབད་ནི་དེ་ སྤྲོ་བ་དང་ དང་འདོད་སྦོམ་ཡོད་པའི་གུ་ ཆ་རོགས་ཚུ་གི་བར་ན་ སྡེ་ཚན་བཟོ་སྟེ་ རྩེད་འགྲན་འབད་ཡོད་རུང་ དེ་བཟུམ་མའི་ འགྲན་བསྡུར་ནང་ རྩེད་འགྲན་འབད་ནི་དེ་ འགོ་ཐོག་ཨིན་ཟེར་ཨིན་པས།
སྤྱི་ལོ་༢༠༡༣ གྱི་ ཕུཊ་སཱལ་འགྲན་བསྡུར་ལས་ དྲག་ཤོས་འཐོན་ནིའི་དོན་ལུ་ སྡེ་ཚན་གྱིས་ རྩ་འགེངས་ཐོག་ལས་ དོ་འགྲན་འབད་དེ་ རྩེད་འགྲན་འབད་ནི་ཟེར་ སླབ་ཨིན་པས།
རྩེད་འགྲན་གཞན་མིའི་ནང་ སྤྲིང་ཀེཌ་སྡེ་ཚན་གྱིས་ གཱོལ་༨ བཙུགས་ཏེ་ རྒྱལ་ཁ་ཐོབ་པའི་སྐབས་ འབྱུང་བཞི་སྡེ་ཚན་གྱིས་ གཱོལ་༡ ལས་བརྒལ་ བཙུགས་མ་ཚུགསཔ་ད་ ཕུ་ཤཱན་གྱིས་ གཱོལ་༡༠ བཙུགས་ཏེ་ འབྲུག་དཀར་སྡེ་ཚན་ཕམ་བཏང་བའི་སྐབས་ ཁོང་གིས་ གཱོལ་༥ བཙུགས་ཡོདཔ་ཨིན།
སྤྱིར་བཏང་ ཕུཊ་བཱོལ་རྩེད་འགྲན་འབད་མི་དང་ ཕུཊ་སཱལ་རྩེད་འགྲན་འབད་མི་གཉིས་ཀྱི་བར་ན་ ཁྱད་པར་ལེ་ཤ་ཡོད་པའི་གྲས་ལས་ ཕུཊ་བཱོལ་རྩེད་འགྲན་འབད་སའི་ ས་ཁོངས་དང་ རྩེད་འགྲན་འབད་མི་ དུས་ཡུན་ རྩེད་འགྲན་འབད་ཐངས་ དེ་ལས་ རྩེད་འགྲན་འབད་མི་ཚུ་ལས་ ཁྱད་ཆོས་དང་ ལམ་ལུགས་ཚུ་ མ་འདྲཝ་སྦེ་ ཡོདཔ་ཨིན་ཟེར་ཨིན་པས།
ད་རིས་ཀྱི་ རྩེད་འགྲན་ནང་ མེ་བི་རིགསི་དང་ སྤྲིང་ཀེཌ་ ཀུན་འབྱུང་དང་ གཏེར་སྟོན་ཨེཕ་སི་ དེ་ལས་ ཡོང་གཱན་ནརསི་དང་ འབྲུག་དཀར་སྡེ་ཚན་ཚུ་གི་བར་ན་ རྩེད་འགྲན་འབད་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment