གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གསང་སྦས་ཁ་དང་ དགའ་སྐྱིད་གླིང་གི་ལམ་ འཆར་གཞི་༡༠ པའི་ནང་ བསལ་མི་ཚུགས་ནི།

༢༥/༢/༢༠༡༣   ༉ འཕྲལ་ཁམས་ཅིག་ཁར་ རྒྱལ་ཡོངས་ཚོགས་འདུ་ནང་ དྲི་བཀོད་ཀྱི་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ ལྡོག་ཕྱོགས་འགོ་ཁྲིདཔ་ ཚེ་རིང་སྟོབས་རྒྱས་ཀྱིས་ ཧཱ་གསང་སྦས་ཁ་དང་ དགའ་སྐྱིད་གླིང་བར་ནའི་ སྣུམ་འཁོར་ལམ་དེ་ འཆར་གཞི་༡༠ པའི་ནང་ར་ བསལ་གནང་དགོཔ་སྦེ་ ཞུ་བ་འབད་མི་ལུ་ ཞབས་ཏོག་བློན་པོ་ ཡེ་ཤེས་སྦྱིན་པ་གིས་ འཆར་གཞི་༡༡ པའི་ ལོ་ངོ་དང་པ་དང་༢ པའི་ནང་ མཇུག་བསྡུ་ཚུགསཔ་འོང་ཟེར་ཞུ་ཡི།


ཞབས་ཏོག་བློན་པོ་གིས་འབད་བ་ཅིན་ ལམ་བསལ་ནིའི་ལཱ་ཚུ་ འཕྲོ་མཐུད་དེ་ར་ འབད་ནི་ཨིནམ་ལས་ ཚ་གྱང་ལང་དགོཔ་མེད་ཟེར་ཞུ་ཡི།
ཚེ་རིང་སྟོབས་རྒྱས་ཀྱིས་འབད་བ་ཅིན་ གསང་སྦས་ཁ་དང་ དགའ་སྐྱིད་གླིང་གི་འཁོར་ལམ་ ཀི་ལོ་མི་ཊར་༣༣ དེ་ཅིག་འབད་མི་དེ་ ཚ་ངེར་བཏོན་ཏེ་ བསལ་གནང་དགོ་པའི་སྐོར་ལས་ སྤྱི་ཚོགས་ནང་ ད་རེས་འབདཝ་ད་ ཚར་༤ ཞུ་ཡོདཔ་མ་ཚད་ ལམ་དེ་ རིང་སུ་ཅིག་འབད་ནི་དེ་གིས་ སོ་ནམ་ཞིང་ལམ་མེན་པར་ རྫོང་ཁག་གི་ལམ་སྦེ་ར་ བསལ་གནང་དགོཔ་སྦེ་ ཞུ་མི་དང་འཁྲིལ་ ཞབས་ཏོག་བློན་པོ་གིས་ ཁ་བཟེད་ཅི་ཟེར་ཨིན་པས།
ཨིན་རུང་ འདས་པའི་ཚོགས་ཐེངས་༨༩ པ་ལས་ འགོ་བཙུགས་ཏེ་ ད་རེས་ཚུན་བསལ་ཡོད་མི་ ལམ་ལུ་ལྟ་བ་ཅིན་ རྫོང་ཁག་གི་ལམ་སྦེ་མེན་པར་ ཧེ་མ་བསལ་ནི་ འགོ་བཙུགས་པའི་སྐབས་ཀྱི་ལམ་དང་ ལྕོགས་ར་འཐདཔ་སྦེ་ར་ཡོདཔ་ལས་ ཁོ་གིས་ཞུ་མི་ལུ་ ངོས་ལེན་མ་མཛདཔ་བཟུམ་ཅིག་ འདུག་ཟེར་ཨིན་པས།
གསང་སྦས་ཁ་དྲུང་ཁག་གི་ རྒེད་འོག་༢ ནང་ འཁོར་ལམ་དེ་ ས་གནས་དཔའ་རྒྱབ་ལས་ ཁ་སྨད་ནང་ཚུན་ ཀི་ལོ་མི་ཊར་༣༣ ཡང་མེདཔ་མ་ཚད་ ལམ་དེ་ཡང་ སྤྱི་ལོ་༢༠༡༠ ཟླ་༤ པ་ལས་ བསལ་ནི་འགོ་བཙུགས་ཡོད་རུང་ ད་རེས་ཀྱི་བར་ན་ཡང་ སེལ་མ་ཚར་ཟེར་ཨིན་པས།
དེ་མ་ཚད་ ས་གནས་དེ་ནང་ བྱག་དང་ཆུ་ཚུ་ མེད་དེ་འབད་རུང་ ད་ལྟོ་ཡང་ ལམ་སེལ་མ་ཚུགས་པར་ ཡོད་ཟེར་ཨིན་པས།
དེ་འབད་ནི་དེ་གིས་ འཁོར་ལམ་དེ་ འཆར་གཞི་༡༠ པའི་ནང་ ག་དེ་སྦེ་ མཇུག་བསྡུ་ཚུགས་ག་མནོ་བའི་ ཚ་གྱང་ཡོདཔ་མ་ཚད་ གཡུས་མི་ཚུ་ལུ་འབད་རུང་ ཚ་གྱང་སྦོམ་ཡོད་པའི་ཁར་ ཁ་ཡང་བཏངམ་མས་ཟེར་ཞུ་ཡི།
དེ་ལུ་ སོ་ནམ་བློན་པོ་གིས་ ཞུ་མི་དང་འཁྲིལཝ་ད་ མ་གཞི་ འཁོར་ལམ་ཀི་ལོ་མི་ཊར་༨༠ དེ་ཅིག་ བསལ་ནི་སྦེ་ འཆར་གཞི་ནང་ ཚུད་ཡོདཔ་ཨིན་རུང་ ཏེ་མགོ་ལ་ལས་ དཔའ་རྒྱབ་དང་ དཔའ་རྒྱབ་ལས་ ཁ་སྨད་ནང་ཚུན་ཚོད་ ལམ་བསལ་ནིའི་འཆར་གཞི་དེ་ ཧེ་མ་དང་ཕྱདཔ་ད་ དུམ་གྲ་ཅིག་ བསྒྱུར་བཅོས་ཡར་སོ་ནུག་ཟེར་ཞུ་ཡི།
སོ་ནམ་བློན་པོ་གིས་འབད་བ་ཅིན་ འཁོར་ལམ་དེ་ བསལ་ནིའི་ནང་ སོ་ནམ་ལྷན་ཁག་གི་ཁ་ཐུག་ལས་ རྒྱབ་སྐྱོར་མ་འབདཝ་མེན་ཟེར་ཨིནམ་ད་ ས་གནས་དེ་ དོག་དྲགས་དང་ སྟབས་མ་བདེ་ཁག་ཁ་འབདཝ་ལས་ ས་རྐོ་འཕྲུལ་ཆས་ཨེགསི་ཀེ་བེ་ཊར་༣ དེ་ཅིག་ལུ་ རྐྱེན་ངན་ཚུ་ཡང་བྱུང་བའི་ཁར་ དེད་གཡོགཔ་ཅིག་ལུ་ ཤི་རྐྱེན་ཡང་ བྱུང་ཡི་ཟེར་ཞུ་ཡི།
ཁོ་གིས་འབད་བ་ཅིན་ འཆར་གཞི་༡༠ པ་དང་འཁྲིལཝ་ད་ ལྷན་ཁག་གིས་ ས་གནས་ག་ཏེ་ར་འབད་རུང་ འཕྲུལ་ཆས་དང་ ལམ་སྟོན་ཡིག་ཆ་ཚུ་ བྱིན་ནི་རྐྱངམ་གཅིག་ཨིནམ་ལས་ ལཱ་འབད་ནི་ཚུ་ དབང་ཚད་ཕྱིར་སྤེལ་ཐོག་ལས་ རྒེད་འོག་བདག་སྐྱོང་དང་ དྲུང་ཁག་ དེ་ལས་ རྫོང་ཁག་ཚུ་གིས་ འབད་དགོཔ་ཨིན་ཟེར་ཨིན་པས།
ང་གིས་ཐོབ་མི་ སྙན་ཞུ་དང་འཁྲིལཝ་ད་ ལམ་གྱི་ས་ཐེངས་དང་པ་བཅད་ནིའི་ལཱ་དེ་ ད་ལྟོ་ཚུན་ ཁ་སྨད་ནང་ཚུན་ ཀི་ལོ་མི་ཊར་༦༢ དེ་ཅིག་ མཇུག་བསྡུ་ཡོདཔ་སྦེ་ བཀོད་ཡོདཔ་ད་ བསམ་རྩེ་ལས་འབད་རུང་ ཧེ་མ་ རྡོ་རོ་ཁ་ལུ་ཡང་ མ་ལྷོད་མི་དེ་ ད་རེས་ གྲུམ་སྟོད་ཚུན་ ལྷོད་ཡོདཔ་ལས་ བྱ་སྟབས་བདེ་ཏོག་ཏོ་ཅིག་ལུ་ འགྱུར་ནུག་ཟེར་ཨིན་པའི་ཁར་ ལམ་དེ་ ཤུལ་མའི་གཞུང་གིས་ གཙོ་རིམ་བྱིན་ཐོག་ལས་ འཆར་གཞི་༡༡ པའི་ ལོ་དང་པ་དང་༢ པའི་ནང་ མཇུག་བསྡུ་ཚུགསཔ་སྦེ་ར་ བསལ་ནིའི་རེ་བ་ཡོད་ཟེར་ཞུ་ཡི།
དེ་ལུ་ ཞབས་ཏོག་བློན་པོ་ ཡེ་ཤེས་སྦྱིན་པ་གིས་ རྒྱབ་སྣོན་ཞུ་མིའི་ནང་ ས་གནས་དེ་ མཐའ་ཟུར་ཅིག་འབད་ནི་དེ་གིས་  ངེས་པར་དུ་ འཁོར་ལམ་སེལ་དགོ་པའི་ གཙོ་རིམ་བྱིན་ཐོག་ལས་ མ་དངུལ་ཚུ་ཡང་འཚོལ་ཏེ་ སྤྲོད་དེ་ཡོད་ཟེར་ཞུ་ཡི།
དེ་དང་གཅིག་ཁར་ ད་རེས་ ལམ་དེ་ ཕྱོགས་གཉིས་ཆ་ར་ལས་སྦེ་ བསལ་ནི་འགོ་བཙུགས་ཡོད་མི་དེ་ གྲུབ་འབྲས་ལེགས་ཤོམ་ཅིག་སྦེ་ མཐོངམ་མས་ཟེར་ཞུ་ཡི།
ཨིན་རུང་ ས་གནས་ནང་ སའི་ཆགས་ཚུལ་དང་འབྲེལ་བའི་ དཀའ་ངལ་ལེ་ཤ་ཅིག་ ཐོན་དོ་ཡོདཔ་ཨིན་རུང་ ཐག་རིང་ནི་དེ་གིས་ དེ་འཕྲོ་ལས་ སེལ་ཐབས་མེད་མི་ལུ་བརྟེན་ འཆར་གཞི་༡༠ པའི་ནང་ མཇུག་བསྡུ་མི་ཚུགས་ནི་ཨིན་པས་ཟེར་ཞུ་ཡི།
གསོ་བའི་བློན་པོ་ བཟང་ལེགས་འབྲུག་པ་གིས་འབད་བ་ཅིན་ ད་རེས་ འཁོར་ལམ་སེལ་བའི་བསྒང་ཡོད་པའི་ ས་ཁོངས་དེ་ སོ་ནམ་བློན་པོ་གིས་འབད་བ་ཅིན་ ཆུ་དང་བྱག་ཡོད་པའི་ ས་གོ་དོགས་དྲགས་ཅིག་ཨིན་ཟེར་ སླབ་ཨིན་རུང་ ལྡོག་ཕྱོགས་འགོ་ཁྲིདཔ་གིས་འབད་བ་ཅིན་ ས་གོ་བདེ་དྲགས་ཡོད་ཟེར་ཞུ་བའི་བསྒང་ལས་ ས་གནས་ནང་མ་ལྷོད་མི་ཚུ་ ག་ལུ་ཆ་བཞག་ནི་ཨིན་ན་ཡང་ མ་ཤེསཔ་སྦེ་ ཐལ་སོ་ཡི་ཟེར་ཞུ་ཡི།
དེ་འབད་ནི་དེ་གིས་ དེ་གི་སྐོར་ལས་ སོ་ནམ་བློན་པོ་དང་ ལྡོག་ཕྱོགས་འགོ་ཁྲིདཔ་༢ ཀྱིས་ གསུང་གྲོགས་ལེགས་ཤོམ་སྦེ་གནང་སྟེ་ དཀའ་ངལ་སེལ་ཐབས་འབད་དགོཔ་འདུག་ཟེར་ ཞུ་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment