གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སི་ཀིམ་སྡེ་ཚན་གྱིས་ འབྲུག་པའི་སྡེ་ཚན་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༢༨/༢/༢༠༡༣   ༉ རྒྱ་གར་རྒྱལ་ཡོངས་ཕུཊ་བཱོལ་སྡེ་ཚན་འགོ་ཁྲིདཔ་བགྲེསཔ་ བའེ་ཅུང་བུ་ཊི་ཡ་གིས་ སི་ཀིམ་ཡུ་ནའི་ཊེཌ་སྡེ་ཚན་དང་གཅིག་ཁར་ ད་རིས་ འབྲུག་རྒྱལ་ཁབ་ནང་ ལྷོད་ནི་ཨིནམ་བཞིན་དུ་ འབྲུག་རྒྱལ་ཡོངས་ཀྱི་ ཕུཊ་བཱོལ་སྡེ་ཚན་ཚུ་དང་ མཐུན་འབྲེལ་གྱི་རྩེད་འགྲན་འབད་ནི་ཨིན་པས།
བའེ་ཅུང་བུ་ཊི་ཡ།


སྐྱེས་ལོ་༣༧ ལང་མི་ བའེ་ཅུང་བུ་ཊི་ཡ་གིས་ སྤྱི་ལོ་༢༠༡༡ ཚུན་ རྒྱ་གར་རྒྱལ་ཡོངས་ཕུཊ་བཱོལ་སྡེ་ཚན་གྱི་ འགོ་ཁྲིདཔ་སྦེ་ རྩེད་འགྲན་འབད་ཡོདཔ་བཞིན་དུ་ སྡེ་ཚན་འགོ་ཁྲིདཔ་སྦེ་སྡོད་རིང་ ཕྱི་རྒྱལ་ཁབ་ ཇཱར་མཱན་གྱི་ ཕུཊ་བཱོལ་སྡེ་ཚན་དང་གཅིག་ཁར་ རྩེད་འགྲན་འབད་བའི་ཤུལ་ལུ་ དགོངས་ཞུ་འབད་དེ་ སི་ཀིམ་ཡུ་ནའི་ཊེཌ་སྡེ་ཚན་བཟོ་ཐོག་ལས་ རྩེད་འགྲན་འབད་དོ་འབད་ཡོདཔ་ཨིན་པས།
འོད་ཟེར་ལས་རིམ་ཚོགས་པའི་ བཀོད་ཁྱབ་འགོ་དཔོན་ ཀུན་བཟང་དབང་འདུས་ཀྱིས་སླབ་མི་དང་འཁྲིལཝ་ད་ རྒྱ་གར་རྒྱལ་ཁབ་ཀྱི་ མངའ་སྡེ་ སི་ཀིམ་ལས་ བའེ་ཅུང་བུ་ཊི་ཡ་གི་སྡེ་ཚན་དེ་ འབྲུག་རྒྱལ་ཡོངས་ཀྱི་ རྩེད་འགྲན་དྲག་ཤོས་ཐོན་མི་ ཡིད་འཛིན་དང་ འབྲུག་པཱོལ་ དེ་ལས་ གཟིམ་སྒྲ་སྡེ་ཚན་ཚུ་དང་གཅིག་ཁར་ མཐུན་འབྲེལ་གྱི་ རྩེད་འགྲན་འགོ་འདྲེན་འཐབ་ནི་ཨིན་ཟེར་ཨིན་པས།
སྤྱི་ཟླ་༣ པའི་ཚེས་༢ རེས་གཟའ་ཉི་མའི་ ཕྱི་རུ་ཆུ་ཚོད་ཕྱེད་དང་༣  ལས་འགོ་བཙུགས་ སི་ཀིམ་ཡུ་ནའི་ཊེཌ་དང་ དུས་ཅི་གི་ རྩེད་འགྲན་ཨང་༢ པ་ཐོན་མི་ འབྲུག་པཱོལ་སྡེ་ཚན་དང་གཅིག་ཁར་ རྩེད་འགྲན་འབད་ནི་དང་  སྤྱི་ཟླ་༣ པའི་ཚེས་༥ ལུ་ གཟིམ་སྒྲ་ དེ་ལས་ སྤྱི་ཟླ་༣ པའི་ཚེས་༧ ལུ་ ཡིད་འཛིན་སྡེ་ཚན་དང་གཅིག་ཁར་ རྩེད་འགྲན་འབད་ནི་ཨིན་པས།
སི་ཀིམ་ཡུ་ནའི་ཊེཌ་སྡེ་ཚན་གྱིས་ འབྲུག་ཕུཊ་བཱོལ་ཚོགས་སྡེ་ལུ་ རྒྱལ་ཡོངས་ཕུཊ་བཱོལ་རྩེད་འགྲན་འབད་མི་དང་ ཕུཊ་བཱོལ་ལུ་ སྤྲོ་བ་དང་ དང་འདོད་ཡོད་མིའི་ན་གཞོན་ཚུ་ལུ་ སློབ་སྟོན་ལས་རིམ་ཅིག་ འགོ་འདྲེན་འཐབ་ནི་སྦེ་སླབ་ཡོད་རུང་ འབྲུག་ཕུཊ་བཱོལ་ཚོགས་སྡེ་ལུ་ མ་དངུལ་མེདཔ་ལས་ འགོ་འདྲེན་འཐབ་མ་ཚུགསཔ་ཨིན་པས།
ཕུཊ་བཱོལ་རྩེད་འགྲན་འབད་བའི་སྐབས་ འོད་ཟེར་ལས་རིམ་ཚོགས་པ་གིས་ སྤྲོ་བ་དང་ དང་འདོད་ཡོད་མི་ འབྲུག་པའི་ན་གཞོན་དང་ ཕོ་སྐྱེས་ ཨམ་སྲུ་ དེ་ལས་ གཞུང་ ལས་འཛིན་ གཞུང་མིན་ལས་ཚོགས་ དེ་ལས་ སྒེར་སྡེའི་འགོ་དཔོན་ཚུ་ལུ་ ཤོག་འཛིན་སྤྲོད་ཐོག་ལས་ ལྟདམོ་ལྟ་བཅུག་ནི་ཨིན་པས།
དེ་འབདཝ་ལས་ ན་གཞོན་སློབ་ཕྲུག་བུཚ་དང་ བུམོ་ཚུ་ལུ་ དངུལ་ཀྲམ་༡༠ གྱི་ཤོག་འཛིན་བཏོག་ནི་དང་ གཞན་མི་ཚུ་ལུ་ དངུལ་ཀྲམ་༥༠ འབད་མིའི་ཤོག་འཛིན་བཏོག་དགོཔ་ཨིནམ་ད་ ཤོག་འཛིན་གྱི་མ་དངུལ་ཐོབ་མི་ཚུ་ སྡེ་ཚན་གྱི་ ཟད་འགྲོ་གཏང་ནིའི་དོན་ལུ་ ཨིན་ཟེར་ ཀུན་བཟང་དབང་འདུས་ཀྱིས་ བཤདཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment