གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དྲང་ཁྲིམས་ལྷན་སྡེ་གིས་ རྒྱལ་ཡོངས་སྐད་ཡིག་མི་ཉམས་གོང་འཕེལ་ལུ་ལྷན་ཐབས།

༤/༢/༢༠༡༣   ༉ དྲང་ཁྲིམས་ལྷན་སྡེའི་ནང་ རྩོད་དྲུང་དང་ ཁྲིམས་འདུན་གྱི་ རྩོད་འཛིན་སྦེ་ ལོ་ངོ་༢༥ གི་རིང་ ཕྱག་ཞུ་མི་ སྐྱེས་ལོ་༤༨ ལང་མི་ པདྨ་རྡོ་རྗེ་ལུ འདས་པའི་བདུན་ཕྲག་༣ གྱི་རིང་ལུ་ ཧེ་མར་ སློབ་ཕྲུག་སྦེ་སྡོད་པའི་ ཉམས་སྣང་དང་མ་འདྲ་བའི་ ཚོར་སྣང་ཅིག་ བྱུང་ཡོདཔ་ཨིན་པས།
ཁྲིམས་སྤྱི་བློན་པོ་ བསོད་ནམས་སྟོབས་རྒྱས་ཀྱིས་ སློབ་སྦྱོང་ནང་ བཅའ་མར་གཏོགས་མི་ཚུ་ལུ་ ལག་ཁྱེར་གནང་པའི་བསྒང་།


དེ་ཡང་ དགེ་ལེགས་ཕུག་ལུ་ སྤྱི་ཟླ་༢ པའི་ཚེས་༡ ལུ་ མཇུག་བསྡུ་མི་ སུམ་རྟགས་ལེགས་བཤད་སྣང་བ་དམ་པ་དང་ བརྡ་གཞུང་ སྤྱོད་འཇུག་གི་ སློབ་སྦྱོང་ལས་རིམ་ཅིག་ནང་ བཅའ་མར་གཏོགས་མི་ སྤུ་ན་ཁ་རྫོང་ཁག་ཁྲིམས་འདུན་གྱི་རྩོད་དྲུང་ པདྨ་རྡོ་རྗེ་གིས་ སླབ་མིའི་ནང་ སློབ་གྲྭ་ལས་ཐོན་ཏེ་ ལོ་ངོ་བཅུ་ཕྲག་༢ ལྷགཔ་ཅིག་གི་ཤུལ་ལས་ སུམ་རྟགས་དང་ རྟགས་ཀྱི་འཇུག་པ་ཚུ་ ལྷབ་སྦྱང་འབད་ནི་དེ་ གནམ་མེད་ས་མེད་ ལཱ་ཁག་འདུག་ཟེར་ཨིནམ་ད་ དེ་སྦེ་ ལཱ་ཁག་བཏང་མི་དེ་ ལོ་ན་རྒས་མི་ལུ་བརྟེན་ཨིན་པའི་ཁར་ བརྡ་གཞུང་་དང་ རྟགས་ཀྱི་འཇུག་པ་ཚུ་ ལག་ལེན་འཐབ་ཐངས་བློར་བཟུང་ནི་དང་ བརྗོད་ཚིག་བཟོ་ནི་ཚུ་ནང་ དཀའ་ངལ་བྱུང་ཡི་ཟེར་ བཤདཔ་ཨིན་པས།
ཨིན་རུང་ ཉིན་གྲངས་༢༦ གི་རིང་ སློབ་སྦྱོང་འབད་བའི་སྐབས་ལུ་ རྫོང་ཁ་འབྲི་ཐངས་དང་ ཚིག་བཙུགས་ཐངས་ཚུ་ ལེགས་ཤོམ་སྦེ་ ལྷབ་ཚུགས་ཡོདཔ་ལས་ འཁྲུན་ཆོད་འབྲི་ནི་ཚུ་ལུ་ ཕན་ཁྱད་སྦོམ་འབྱུང་ནི་མས་ཟེར་ པདྨ་རྡོ་རྗེ་གིས་ སླབ་ཨིན་པས།
ཁོ་ར་ རྩོད་དྲུང་ཅིག་ཨིནམ་ལས་ ཁོ་གི་ འགན་ཁུར་ངོ་མ་ར་ ཁྲིམས་འདུན་གྱིས་ སྙན་གསན་མཛད་མི་ཚུ་ གནས་ཐོ་བཀོད་ནི་དང་ སྙན་གསན་མཇུག་བསྡུའི་ ཡིག་ཆ་ཚུ་བཟོ་ནི་ དེ་ལས་ འཁྲུན་ཆོད་ཚུ་ ཟིན་བྲིས་བཏབ་ནི་ཚུ་ཨིན་པས།
རྩོད་དྲུང་གཞན་ སྐྱེས་ལོ་༥༠ ལང་མི་ ཉི་མ་གིས་ སླབ་མིའི་ནང་ སློབ་སྦྱོང་ལུ་བརྟེན་ ཁོ་གིས་ ཧེ་མ་དྲགཔ་སྦེ་ ཡིག་ཆ་ཚུ་ བཟོ་ཚུགས་ནི་དང་ ཁྲིམས་ཀྱི་འདུན་སར་འོང་མི་ མི་སེར་ཚུ་ལུ་ཡང་ ཞབས་ཏོག་ལེགས་ཤོམ་སྦེ་ ཞུ་ཚུགས་པའི་ བློ་སྟོབས་ཐོབ་ཅི་ཟེར་ཨིན་པས།
ད་ལས་ཕར་ བརྗོད་ཚིག་ཚུ་ ཚུལ་མཐུན་སྦེ་ ག་དེ་སྦེ་ བཀོད་ནི་ཨིན་ན་དང་ ཁྲིམས་འདུན་གྱི་ཡིག་ཆ་དང་ གྲོས་ཆོད་ཚུ་ ཟིན་བྲིས་ལེགས་ཤོམ་སྦེ་ བཀོད་ཚུགས་ཟེར་ ཉི་མ་གིས་ སླབ་ཨིན་པས།
སྤྱི་ཟླ་༡ པའི་ཚེས་༡ ལས་ ཉིན་གྲངས་༢༦ གི་རིང་ འགོ་འདྲེན་འཐབ་མི་ ཁྲིམས་དང་འབྲེལ་བའི་ སློབ་སྦྱོང་དེ་ནང་ རྒྱལ་ཁབ་ནང་འཁོད་གྱི་ རྩོད་དྲུང་དང་ རྩོད་འཛིན་པ་༧༢ དེ་ཅིག་གིས་ བཅའ་མར་གཏོགས་ཡོདཔ་ད་ ཁོང་གིས་འབད་བ་ཅིན་ སློབ་སྦྱོང་དེ་ ཕན་ཐོགས་སྦོམ་ཡོདཔ་ལས་ ཡོན་ཏན་ལེ་ཤ་ཐོབ་ཅི་ཟེར་ཨིན་པས།
ཐིམ་ཕུའི་ཁྲིམས་འདུན་གྱི་ རྩོད་འཛིན་པ་ཅིག་གིས་ སླབ་མིའི་ནང་ སློབ་སྦྱོང་ལས་རིམ་ཚུ་ ཁྲིམས་སྡེའི་ནང་ ལག་ལེན་འཐབ་ནི་ལུ་ ག་ནི་བ་ གལ་ཆེ་བ་གིས་མ་ཚད་ རྒྱལ་ཡོངས་སྐད་ཡིག་ རྫོང་ཁ་མི་ཉམས་གོང་འཕེལ་དང་ དར་ཁྱབ་གཏང་ནི་ལུ་ཡང་ ཕན་ཐོགས་སྦོམ་འདུག་ཟེར་ཨིན་པས།
སློབ་སྦྱོང་མཇུག་བསྡུའི་ རྟེན་འབྲེལ་ནང་ བཅའ་བར་གཏོགས་མི་ཚུ་ལུ་ ལག་ཁྱེར་གནང་མི་ ཁྲིམས་སྤྱི་བློན་པོ་ བསོད་ནམས་སྟོབས་རྒྱས་ཀྱིས་ གསུངས་མིའི་ནང་ རྒྱལ་ཁབ་ཀྱི་ རྒྱལ་ཡོངས་སྐད་ཡིག་ གོང་འཕེལ་གཏང་ནིའི་ནང་ ཁྲིམས་སྡེ་གིས་ འགན་ཁུར་སྦོམ་འབག་སྟེ་ཡོད་ཟེར་ཨིནམ་ད་ རྫོང་ཁ་གོང་འཕེལ་གཏང་ནི་དེ་ རྒྱལ་ཁབ་ཀྱི་ ངོ་རྟགས་བདག་འཛིན་འཐབ་ནི་དང་ ཁྲིམས་སྡེའི་དོན་ལུ་ གལ་ཅན་ཅིག་ཨིནམ་མ་ཚད་ ཁྲིམས་སྡེ་གིས་ ཁྲིམས་ཀྱི་ཚིག་ཚུ་ ཉམས་སྲུང་འབད་ཐོག་ལས་ རྫོང་ཁ་གོང་འཕེལ་བཏངམ་ཨིན་ཟེར་ ཁྲིམས་སྤྱི་བློན་པོ་གིས་ གསུངས་ཡོད་པའི་གནས་ཚུལ།

No comments:

Post a Comment