གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་གི་རྐྱེན་ངན་འཛིན་སྐྱོང་དཔྱད་ཡིག་ ཆ་འཇོག་གྲུབ་ཡོདཔ།

༢༨/༢/༢༠༡༣   ༉ ཚོགས་ཐེངས་༨ པ་ལས་ འགོ་བཙུགས་ཏེ་ སྤྱི་ཚོགས་ནང་ གསུང་གྲོས་ཚུ་ རྒྱས་པར་གནང་པའི་ཤུལ་ལུ་ ཁ་ཙ་ སྤྱི་ཚོགས་ལྷན་བཞུགས་ཀྱི་ཐོག་ལས་སྦེ་ འབྲུག་གི་ རྐྱེན་ངན་འཛིན་སྐྱོང་དཔྱད་ཡིག་༢༠༡༢ ཅན་མ་དེ་ འབྲུག་གི་ རྐྱེན་ངན་འཛིན་སྐྱོང་བཅའ་ཁྲིམས་༢༠༡༣ ཅན་མ་སྦེ་ ཆ་འཇོག་གྲུབ་གནང་ཡི།


དཔྱད་ཡིག་ཆ་འཇོག་གི་དོན་ལུ་ ཚོགས་རྒྱན་བཙུགས་པའི་སྐབས་ འཐུས་མི་བསྡོམས་༥༤ ལས་༥༣ གྱིས་ དགོ་ཟེར་བའི་ཚོགས་རྒྱན་ བཙུགས་ཡོདཔ་ཨིན་རུང་ ༡ གིས་ མི་དགོ་ཟེར་བའི་ ཚོགས་རྒྱན་བཙུགས་ཡོདཔ་ཨིན།
དཔྱད་ཡིག་དེ་གི་ཐོག་ལུ་ གསུང་གྲོས་གནང་ནི་ འགོ་བཙུགས་པའི་སྐབས་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་ འཇིགས་མེད་ཚུལ་ཁྲིམས་ཀྱིས་ དཔྱད་ཡིག་དེ་ལུ་ རྒྱལ་ཡོངས་ཚོགས་འདུ་གིས་ ཚོགས་ཐེངས་༨ པའི་ནང་ ཉིནམ་༣ གྱི་རིང་ གསུང་གྲོས་གནང་ཡོདཔ་བཞིན་དུ་ དོན་ཚན་༩༡ དེ་ཅིག་ལུ་ ཆ་འཇོག་གྲུབ་སྟེ་ ཚོགས་སྡེ་ནང་ ཕུལ་ཡི་ཟེར་གསུངས་ཡི།
དེ་དང་འཁྲིལ་ རྒྱལ་ཡོངས་ཚོགས་སྡེ་གིས་ ཚོགས་ཐེངས་༩ པའི་ནང་ ཉིན་གྲངས་༤ གི་རིང་ གསུང་གྲོས་གནང་ཐོག་ལས་ རྒྱལ་ཡོངས་ཚོགས་འདུ་གིས་ ཆ་འཇོག་གནང་མི་དོན་ཚན་༧༡ ལུ་ ངོས་ལེན་དང་ དོན་ཚན་༣༤ ལུ་ འཕྲི་སྣོན་དང་བསྒྱུར་བཅོས་ དེ་ལས་ དོན་ཚན་༧ གསརཔ་བཙུགས་ཏེ་ བསྐྱར་གྲོས་ཀྱི་དོན་ལུ་ ཚོགས་འདུ་ནང་ བཙུགས་ཡོདཔ་སྦེ་གསུངས་ཡི།
ཨིན་རུང་ དཔྱད་ཡིག་དེ་ ཆ་འཇོག་འགྲུབ་ནིའི་དོན་ལུ་ བསྐྱར་གྲོས་གནང་པའི་སྐབས་ ཚོགས་ཁང་གོང་འོག་གཉིས་ཀྱི་བར་ན་ དོན་ཚན་༡༡ ལུ་ ཞལ་འཆམ་བྱུང་མ་ཚུགསཔ་ད་ དཔྱད་ཡིག་དེ་ མི་སེར་དང་ རྒྱལ་ཁབ་ཀྱི་དོན་ལུ་ ཁག་ཆེ་དྲགས་ཅིག་ འབདཝ་ལས་བརྟེན་ འཐུས་མི་ཚུ་གིས་ ཐུགས་བཞེད་ལེགས་ཤོམ་སྦེ་གནང་སྟེ་ ཆ་འཇོག་འགྲུབ་གནང་འོང་མནོ་བའི་ རེ་བ་ཡོད་ཟེར་ ཚོགས་དཔོན་གྱིས་གསུངས་ཡི།
དེ་བསྒང་ མཉམ་འབྲེལ་ཚོགས་ཆུང་གི་ཁྲི་འཛིན་ ཧཱ་གི་འཐུས་མི་གིས་ ཞུ་མིའི་ནང་ དཔྱད་ཡིག་དེ་གི་ཐོག་ལུ་ ཞལ་འཆམ་བྱུང་མ་ཚུགས་པའི་ དོན་ཚན་ཚུ་གི་སྐོར་ལས་ མཉམ་འབྲེལ་ཚོགས་ཆུང་གིས་ གསུང་གྲོས་གནང་པའི་སྐབས་ རྐྱེན་ངན་འཛིན་སྐྱོང་ལས་ཁུངས་ཀྱི་ འགོ་དཔོན་ཚུ་དང་ གཞན་ཡང་ འབྲེལ་ཡོད་ལས་སྡེ་ཚུ་དང་ཡང་ མཉམ་འབྲེལ་ལེགས་ཤོམ་སྦེ་ར་ འབད་ཡི་ཟེར་ཞུ་ཡི།
ཁོ་གིས་འབད་བ་ཅིན་ རྒྱལ་ཁབ་ནང་ འདས་པའི་ལོ་ཚུ་ནང་ཡང་ འབྱུང་བ་བཞིའི་རྐྱེན་ངན་ཚུ་ ལེ་ཤ་ཅིག་ར་ བྱུང་ཡོདཔ་མ་ཚད་ ད་ལས་ཕར་འབད་རུང་ འཕྲོ་མཐུད་དེ་ར་ འཐོན་ནིའི་ཉེན་ཁ་ཡོདཔ་ལས་ དཔྱད་ཡིག་དེ་ བཅའ་ཁྲིམས་ལུ་ ཆ་འཇོག་གནང་དགོཔ་ ཁག་ཆེ་ཟེར་ཞུ་ཡི།
ཞལ་འཆམ་བྱུང་མ་ཚུགས་པའི་ དོན་ཚན་ཚུ་གི་སྐོར་ལས་ གསུང་གྲོས་གནང་པའི་སྐབས་ དོན་ཚན་གཞན་ཚུ་ འཇམ་ཏོང་ཏོ་སྦེ་ར་ ཆ་འཇོག་གྲུབ་ཡོདཔ་ཨིན་རུང་ དཔྱད་ཡིག་གི་ དོན་ཚན་༨༩ པའི་ནང་འཁོད་མི་ རྐྱེན་ངན་རྣམ་པ་དབྱེ་ཐངས་གུ་ གསུང་གྲོས་ཡུན་རིང་ གནང་དགོཔ་ཐོན་ཡི།
མ་གཞི་ དཔྱད་ཡིག་གི་ ཟིན་བྲིས་ནང་ རྐྱེན་ངན་དབྱེ་ཁག་༡ པ་ བརྩི་འཇོག་འབད་ནིའི་དོན་ལུ་ ཁྱད་ཆོས་ལེ་ཤ་ཅིག་ར་ བཀོད་དེ་ཡོདཔ་མ་ཚད་ རྒྱལ་ཡོངས་ཚོགས་འདུ་གིས་ཡང་ དེ་ལུ་ བསྒྱུར་བཅོས་དུམ་གྲ་རེ་གནང་སྟེ་ ཆ་འཇོག་གནང་ཡོདཔ་ཨིན་རུང་ རྒྱལ་ཡོངས་ཚོགས་འདུ་དང་ མཉམ་འབྲེལ་ཚོགས་ཆུང་གིས་ འཕྲི་སྣོན་མཛད་མིའི་གུ་ ཁྲོམ་ཟེར་མི་ཚིག་ཅིག་ གསརཔ་བཙུགས་ཐོག་ལས་ ཆ་འཇོག་གནང་ཡི།
དོན་ཚན་དེ་ རྐྱེན་ངན་གང་རུང་ དབྱེ་བ་ཁག་དང་པ་སྦེ་ བརྩི་འཇོག་འབད་ནི་དེ་ཡང་ རྒེད་འོག་དང་ ཁྲོམ་ག་ཏེ་འབད་རུང་ རང་གི་ཐོན་ཁུངས་ ག་ཡོད་མི་དང་ ལྕོགས་གྲུབ་ཐོག་ འཛིན་སྐྱོང་འབད་ཚུགསཔ་ལྡན་ཚེ་ཟེར་མི་ལུ་ བསྒྱུར་བཅོས་ཐོག་ ཆ་འཇོག་གནང་ཡི།
དེ་ལུ་ བསྟན་རྒྱས་བློན་པོ་ མཁའ་འགྲོ་དབང་ཕྱུག་དང་ འཐུས་མི་གཞན་དག་པ་ཅིག་གིས་ གལ་སྲིད་ རྐྱེན་ངན་དབྱེ་རིམ་དང་པའི་ དབྱེ་ཐངས་དེ་ ཚོགས་སྡེ་དང་ མཉམ་འབྲེལ་ཚོགས་ཆུང་གིས་ འཕྲི་སྣོན་མཛད་དོ་བཟུམ་སྦེ་ར་བཞག་པ་ཅིན་ ཤུལ་ལས་ རྐྱེན་ངན་དབྱེ་ཞིབ་ཀྱི་སྐབས་ བྱ་སྟབས་མ་བདེཝ་ འཐོན་འོང་ཟེར་ཞུ་ཡི།
དེ་ལས་ དོན་ཚན་༥༩ པའི་ནང་ ཟིན་བྲིས་དང་ རྒྱལ་ཡོངས་ཚོགས་འདུ་གིས་ གཞུང་གིས་ རྫོང་ཁག་ག་རའི་ནང་ རྫོང་ཁག་རྐྱེན་ངན་འགོ་དཔོན་ཅིག་ གནད་འབབ་དང་བསྟུན་ གསར་བཙུགས་དང་ ཡང་ན་ ངོས་འཛིན་འབད་དགོ་ཟེར་བཀོད་མི་དེ་ རྒྱལ་ཡོངས་ཚོགས་སྡེ་དང་ མཉམ་འབྲེལ་ཚོགས་ཆུང་གིས་ འཕྲི་སྣོན་མཛད་མི་ལྟར་ གཞུང་གིས་ རྫོང་ཁག་ག་རའི་ནང་ རྫོང་ཁག་རྐྱེན་ངན་འགོ་དཔོན་རེ་ གསར་བཙུགས་འབད་དགོ་ཟེར་མི་ལུ་ ཆ་འཇོག་གྲུབ་ཅི།
དེ་དང་འཁྲིལ་ མཉམ་འབྲེལ་ཚོགས་ཆུང་གི་སྐབས་ བསྒྱུར་བཅོས་ཀྱི་དོན་ཚན་ཚུ་ག་ར་ རྒྱལ་ཡོངས་ཚོགས་སྡེ་གིས་ འཕྲི་སྣོན་མཛད་དོ་བཟུམ་སྦེ་ ཆ་འཇོག་གྲུབ་ཡོདཔ་ཨིན།
ཚོགས་དཔོན་གྱིས་ གསུངས་མིའི་ནང་ དེ་བཟུམ་སྦེ་ འབྲུག་གི་ལམ་གྱི་དཔྱད་ཡིག་དང་ ནང་འཁོད་རྩུབ་སྤྱོད་བཀག་སྡོམ་དཔྱད་ཡིག་གཉིས་ཀྱི་ནང་ཡང་ ཞལ་འཆམ་བྱུང་མ་ཚུགས་པའི་ གནད་དོན་དག་པ་རེ་ཡོདཔ་ལས་ ལྷན་བཞུགས་ཀྱི་དོན་ལུ་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ བཀའི་གནང་བའི་དོན་ལུ་ ཕུལ་ཏེ་ཡོདཔ་བཞིན་དུ་ ད་རེས་ཀྱི་ཚོགས་ཐེངས་ནང་ར་ གསུང་གྲོས་གནང་ཚུགས་པའི་ རེ་བ་ཡོད་ཟེར་ གསུངས་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment