གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཡིད་འཛིན་སྡེ་ཚན་གྱིས་༢༠༡༢ ཀྱི་རྒྱལ་ཡོངས་ཀོ་ཀ་ཀོ་ལ་ ཕུཊ་བཱོལ་རྩེད་འགྲན་ནང་ལས་ ཨང་དང་པ་ཐོན་ཡོདཔ།

༢༥/༢/༢༠༡༣   ༉ འབྲུག་ཕུཊ་བཱོལ་ཚོགས་སྡེ་གིས་ རྒྱལ་ཁབ་ནང་ འགོ་དང་པ་འགོ་འདྲེན་འཐབ་མི་ རྒྱལ་ཡོངས་ཀོ་ཀ་ཀོ་ལ་ ཕུཊ་བཱོལ་ལིག་རྩེད་འགྲན་ ནང་ལས་ ཡིད་འཛིན་སྡེ་ཚན་གྱིས་རྩེད་འགྲན་དྲག་ཤོས་ཐོན་ཡོདཔ་ལས་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་འབུམ་༤ ཐོབ་ཅི། 
རྩེད་འགྲན་ནང་ལས་ ཨང་དང་པ་ཐོན་མི་ ཡིད་འཛིན་སྡེ་ཚན།


དེ་ཡང་ ཟླ་ངོ་༢ ཀྱི་རིང་ལུ་ འགོ་འདྲེན་འཐབ་མི་ ཕུཊ་བཱོལ་ལིག་གི་རྩེད་འགྲན་དེ་ སྤྱི་ལོ་༢༠༡༢ ཟླ་༡༢ པའི་ཚེས་༡༥ ལས་ སྤྱི་ལོ་༢༠༡༣ ཟླ་༢ པའི་ཚེས་༢༤ ཚུན་ རྒྱལ་ཁབ་ལས་ སྡེ་ཚན་༦ འབྲེལ་གཏོགས་འབད་ཡོདཔ་བཞིན་དུ་ ཁ་ཙ་ མཐའ་བཅད་འགྲན་བསྡུར་ནང་ལས་ ཡིད་འཛིན་གྱིས་ འབྲུག་པཱོལ་སྡེ་ཚན་ལས་ རྒྱལ་ཁ་ཐོབ་ནུག།
སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབདཝ་ད་ ཡིད་འཛིན་སྡེ་ཚན་གྱིས་ གཱོལ་༢ བཙུགས་པའི་སྐབས་ འབྲུག་པཱོལ་སྡེ་ཚན་གྱིས་ གཱོལ་༡ ལས་བརྒལ་ བཙུགས་མ་ཚུགསཔ་ལས་ རྩེད་འགྲན་དྲག་ཤོས་སྦེ་ དངུལ་རྐྱང་གི་གསོལ་རས་དང་ ལག་ཁྱེར་ཚུ་ཐོབ་ཅི།
ཨང་༢ པ་ཐོན་མི་ འབྲུག་པཱོལ་སྡེ་ཚན་ལུ་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་འབུམ་༢ དང་ ཨང་༣ པ་ ཨྱོན་རིག་པའི་འབྱུང་གནས་ལུ་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་འབུམ་༡ དང་ སྡེ་ཚན་༦ གི་གྲས་ལས་ རྩེད་འགྲན་ལེགས་ཤོམ་སྦེ་ དྲང་བདེན་ཐོག་ལུ་རྩེ་མི་ བསམ་རྩེ་སྡེ་ཚན་ལུ་ཡང་ གསོལ་རས་ཚུ་བྱིན་ཡི།
འབྲུག་ཕུཊ་བཱོལ་ཚོགས་སྡེའི་འགོ་དཔོན་ བསོད་ནམས་འཇིགས་མེད་ཀྱིས་ སླབ་མི་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ རྒྱལ་ཡོངས་ཕུཊ་བཱོལ་འགྲན་བསྡུར་འགོ་དང་པ་ འགོ་འདྲེན་འཐབ་ཡོདཔ་བཞིན་དུ་ རྩེད་འགྲན་ནང་བཅའ་མར་གཏོགས་མི་ ཚད་གཅིག་ལས་ མེད་དེ་འབད་རུང་ འབྲུག་མི་ཚུ་གིས་ ཕུཊ་བཱོལ་ལུ་སྤྲོ་བ་ལེན་ཏེ་ ལྟདམོ་ལྟ་བར་འོང་མི་དེ་གིས་ མ་འོངས་པའི་ གནས་སྟངས་ ལེགས་ལྡན་འབྱུང་ནི་ཨིན་པའི་ ཤེས་གསལ་བྱུང་ཡི་ཟེར་ཨིན་པས།
ཤུལ་མའི་རྩེད་འགྲན་འགོ་འདྲེན་འཐབ་པའི་སྐབས་ལུ་ སྡེ་ཚན་གསརཔ་ལེ་ཤ་ཅིག་གིས་ར་ བཅའ་མར་གཏོགས་ཚུགས་པའི་རེ་བ་བསྐྱེད་དོ་ཡོདཔ་མ་ཚད་ ན་གཞོན་མང་ཤོས་ཅིག་གིས་ འབྲེལ་གཏོགས་འབད་འོང་ མནོ་བའི་རེ་བ་ཡོད་ཟེར་ཨིན་པས།
སྤྱི་ལོ་༢༠༡༣ གྱི་ རྩེད་འགྲན་དྲག་ཤོས་ཐོན་མི་ ཡིད་འཛིན་སྡེ་ཚན་དེ་ ཨེ་ཤེ་ཡཱན་ལུང་ཕྱོགས་ཕུཊ་བཱོལ་རྩེད་འགྲན་ནང་ བཅའ་མར་གཏོགས་ནིའི་གོ་སྐབས་ཐོབ་ཡོདཔ་ཨིན་པས།
འབྲུག་ཕུཊ་བཱོལ་ཚོགས་སྡེ་གིས་ རྒྱལ་ཁབ་ནང་ འགོ་ཐོག་དང་པ་ རྒྱལ་ཡོངས་ལིག་རྩེད་འགྲན་འགོ་འདྲེན་འཐབ་མི་ལུ་ ངལ་རངས་དང་ ཡིད་ཆེས་ཀྱི་སྒོ་ལས་ ཀོ་ཀ་ཀོ་ལ་ཚོང་འབྲེལ་སྡེ་ཚན་གྱིས་ ལོ་༣ གྱི་དོན་ལུ་ མ་དངུལ་གྱི་རྒྱབ་སྐྱོར་ དངུལ་ཀྲམ་ས་ཡ་༣ བྱིན་ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment