གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སློབ་ཕྲུག་ཚུ་ སློབ་གྲྭ་ནང་ འཛུལ་དགོ་པ་ཅིན་ ཐབ་ཤིང་ལྷན་ཐབས་འབད་དགོཔ།

༧/༢/༢༠༡༣   ༉ བསམ་རྩེ་རྡོ་རོ་ཁ་དྲུང་ཁག་ གདན་ཅུང་ཁ་འབྲིང་རིམ་སློབ་གྲྭ་འོག་མའི་ནང་ ཕམ་ཚུ་གིས་ ཐབ་ཤིང་བསྐྱལ་ནི་གི་ ལམ་ལུགས་དེ་ ད་ལྟོའི་བར་ན་ཡང་ ལག་ལེན་འཐབ་བཞིན་དུ་ཡོདཔ་ཨིན་པས།
དུར་ག་དེ་བི་དང་ སློབ་གྲྭའི་ཁང་གཡོགཔ་གིས་ ཐབ་ཤིང་གི་ ཚད་གཞི་ལང་མ་ལང་ ལྟ་བའི་བསྒང་།
སློབ་ཕྲུག་ཚུ་ ཐབ་ཤིང་ཙེའུ་ཚུ་ནང་འདེགས་ཏེ་ སློབ་གྲྭ་ནང་ འབག་འགྱོ་བའི་བསྒང་།


དེ་ཡང་ སློབ་གྲྭ་གིས་ སླབ་བཞིན་དུ་ བི་ན་ཁ་གཡུས་ཚན་ལས་ ཨ་ལུའི་ཕམ་ སྐྱེས་ལོ་༤༡ ལང་མི་ དུར་ག་དེ་བི་དང་ མོ་གི་ཨ་ལུ་༢ ཀྱིས་ ཐབ་ཤིང་ཙེའུ་ནང་འདེགས་ཏེ་ དུས་ཡུན་ཆུ་ཚོད་༣ དེ་ཅིག་གི་རིང་ འབག་སོང་པའི་མཐའ་མར་ ཤིང་ཁུར་ཆ་༣ བསྐྱལ་ཡོད་མི་ལས་༡ རྩིས་ལེན་མ་བཏུབ་མི་ལུ་བརྟེན་ ཨའི་དེ་ དབུགས་འགམ་དགོཔ་བྱུང་ནུག།
དུས་ཅི་ སློབ་གྲྭ་ནང་འཛུལ་ནི་ཨིན་མི་ ངེ་གི་བུ་ཆུང་ཤོས་ཀྱི་དོན་ལུ་ ཐབ་ཤིང་འབག་བསྐྱལ་ཡོད་རུང་ སློབ་གྲྭའི་ལས་བྱེདཔ་ཚུ་གིས་ ཐབ་ཤིང་དེ་ ལག་ལེན་འཐབ་མི་བཏུབ་ནི་མས་ཟེར་སླབ་སྟེ་ རྩིས་ལེན་མ་བཏུབ་ཟེར་ཨིན་པས།
ཐབ་ཤིང་མ་བསྐྱལ་བ་ཅིན་ སློབ་གྲྭ་གིས་ མོ་གི་ཨ་ལུ་དེ་ སློབ་གྲྭ་ནང་ བཙུགས་མི་བཏུབ་ནི་ཨིན་པའི་ ཚ་གྱང་གིས་སྦེ་ དུར་ག་དེ་ ཐབ་ཤིང་འཐུ་བར་ ལོག་སྟེ་ར་ གཡུས་ཁ་ལུ་འགྱོ་བའི་ མཐོང་གསལ་བྱུང་ཡི།
ད་རེས་ནངས་པ་ སློབ་གྲྭའི་དུས་ཚོད་ འགོ་བཙུགས་རན་མི་དང་བསྟུན་ཏེ་ ཁྲོམ་སྡེའི་སློབ་ཕྲུག་དང་ ཕམ་ཚུ་ སློབ་གྲྭའི་སྒྲིག་གོ་དང་ ཡིག་བྲིས་མཁོ་ཆས་ཚུ་ ཉོ་ཚོང་རྐྱབ་ནི་གི་དོན་ལུ་ འུར་བྱེལ་སྦོམ་ལང་སྟེ་ཡོདཔ་ཨིན་རུང་ དུར་ག་དང་ མོ་གི་ཨ་ལུ་བཟུམ་ མཐའ་ཟུར་རྒེད་འོག་ གདན་ཅུང་ཁའི་ སློབ་ཕྲུག་ཚུ་ ནགས་ཚལ་ནང་ ཐབ་ཤིང་འཐུ་སྟེ་ འདུ་འཛི་ཅན་སྦེ་ སྡོདཔ་ཨིན་པས།
གདན་ཅུང་ཁ་རྒེད་འོག་དེ་ བསམ་རྩེ་ལས་ ཉིན་གྲངས་༣ གྱི་ལམ་ཨིན་པའི་ཁར་ རྡོ་རོ་ཁ་དྲུང་ཁག་ལས་ དུས་ཡུན་ཆུ་ཚོད་༥ ལམ་འགྱོ་དགོཔ་ད་ རྡོ་རོ་ཁ་དང་ བསམ་རྩེའི་བར་ན་ ལམ་ཀི་ལོ་མི་ཊར་༥༨ དེ་ཅིག་ཡོདཔ་ཨིན་པས།
སློབ་གྲྭ་གིས་ སློབ་ཕྲུག་ཚུ་ལུ་ དྲོ་མཛར་དང་ ཉིན་ལྟོ་བྱིན་མིའི་དོན་ལུ་ ཕམ་རེ་གིས་ སློབ་གྲྭ་ལུ་ ཨིན་ཅི་མིན་ཅི་ ཐབ་ཤིང་ལྷན་ཐབས་འབད་དགོཔ་ཨིན་པས།
ཐབ་ཤིང་རྩིས་ལེན་མི་ སློབ་གྲྭའི་ཁང་གཉེར་ ཨིན་ད་ར་བིར་ གུ་རུང་གིས་ སླབ་མིའི་ནང་ ཕམ་ཚུ་གིས་ སློབ་གྲྭ་ནང་ཡོད་མི་ ཕྱི་སྡོད་ཨ་ལུ་རེ་རེའི་དོན་ལུ་ ཡར་མར་ཕིཊ་༣ དང་ རྒྱ་ཚད་ཕིཊ་༣ འབད་མི་ ཐབ་ཤིང་ཁུར་ཆ་རེ་ འབག་འོང་དགོ་ཟེར་ཨིནམ་ད་ གཡུས་ཚན་ལས སློབ་གྲྭ་ཚུན་ ཉིན་ལམ་༡ ལམ་འགྱོ་དགོ་མི་ ནང་སྡོད་སློབ་ཕྲུག་ཚུ་ལུ་ ཉིནམ་༡ ནང་ བཞེས་སྒོ་ཚར་༣ རེ་བྱིན་དོ་ཡོདཔ་ལས་ སློབ་དུས་སྐབས་ སློབ་ཕྲུག་རེ་གིས་ ཐབ་ཤིང་ཁུར་ཆ་༤ རེ་ བསྐྱལ་དགོཔ་ཨིན་པས།
ཕམ་དང་ སློབ་ཕྲུག་ཚུ་གིས་ སློབ་གྲྭ་ནང་ ཐབ་ཤིང་བསྐྱལ་བའི་ཤུལ་ལུ་ ཡར་མར་ཕིཊ་༣ དང་རྒྱ་ཚད་ཕིཊ་༣ འབད་མི་ སྦ་༢ བརྡབས་བཞག་མིའི་བར་ན་ ཐབ་ཤིང་བཙུགས་བཅུག་སྟེ་ ཚད་གཞི་ལང་མ་ལང་ ལྟཝ་ཨིན་པས།
སྐྱེས་ལོ་༡༧ ལང་མི་ སློབ་ཕྲུག་ཀུ་མི་རི་གིས་ སླབ་མིའི་ནང་ ཐབ་ཤིང་ཚུ་ ནགས་ཚལ་ནང་ལས་ འཇམ་ཏོང་ཏོ་སྦེ་ ཐོབ་ཚུགས་དོ་ཡོདཔ་ཨིན་རུང་ སྤུས་ཚད་ཅན་གྱི་ ཐབ་ཤིང་ཐོབ་ཚུགས་པར་ ལཱ་ཁག་ཡོད་མི་ལུ་བརྟེན་ ཐབ་ཤིང་ཚུ་ སློབ་གྲྭ་གིས་ ལེན་མི་བཏུབ་པས་ཟེར་ཨིན་པས།
སློབ་གྲྭའི་སློབ་དཔོན་ ཚེ་རིང་བསྟན་འཛིན་གྱིས་ སློབ་ཕྲུག་དང་ ཕམ་ཚུ་ལས་ ཐབ་ཤིང་བསྡུ་ལེན་འབད་མི་དེ་ཡང་ སློབ་ཕྲུག་ཚུ་གི་ བཞེས་སྒོ་འབད་དགོ་ནི་དེ་གིས་ཨིན་ཟེར་ སླབ་པའི་ཁར་ ཐབ་ཤིང་ལྷན་ཐབས་འབད་དགོ་མི་ ལམ་ལུགས་གསརཔ་ཅིག་མེན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སློབ་གྲྭ་ལུ་ མ་དངུལ་མེདཔ་ལས་ ཐབ་ཤིང་ཚུ་ ཁག་འབགཐོག་ལས་ ཉོ་ཐབས་མེད་པའི་ཁར་ འཁོར་ལམ་མེད་ནི་དེ་གིས་ ཐབ་ཤིང་སྐྱེལ་འདྲེན་འབད་ཐབས་ཡང་མེད་ཟེར་ཨིན་པས།
སློབ་དཔོན་དེ་གིས་ སླབ་མིའི་ནང་ ཕམ་ཚུ་དང་ གྲོས་བསྡུར་འབད་བའི་ཤུལ་ལུ་ དུས་ཅི་ལས་ སློབ་གྲྭའི་དབང་འཛིན་གྱིས་ ཕམ་ཚུ་ལུ་ ཐབ་ཤིང་ཚུ་ སྤྱི་ཟླ་༢ པའི་ཚེས་༡༠ ལས་ སློབ་གྲྭ་ནང་ བསྐྱལ་ཚར་དགོཔ་སྦེ་ སླབ་ཡོད་མི་དེ་ཡང་ ཕམ་ཚུ་གིས་ སློབ་གྲྭ་ལོག་སྒོ་ཕྱེ་བའི་ཤུལ་ལུ་ ཐབ་ཤིང་འབག་འོང་ནི་སྦེ་ ཁས་ལེན་འབད་ཡོད་རུང་ འབག་འོང་མ་བཏུབ་ནི་དེ་གིས་ཨིནམ་ད་ ད་རུང་ དུས་ཅི་ལས་ ཐབ་ཤིང་འབག་འོང་མི་ཚུ་ལུ་ འབྱོར་འཛིན་སྤྲོད་ནི་གི་ ལམ་ལུགས་ཅིག་ཡང་ འགོ་བཙུགས་ཡོདཔ་ལས་ སློབ་ཕྲུག་ཚུ་ སློབ་གྲྭ་ནང་འོངམ་ད་ འབྱོར་འཛིན་ཚུ་ གསལ་སྟོན་འབད་དགོ་ཟེར་ སློབ་དཔོན་ཚེ་རིང་བསྟན་འཛིན་གྱིས་ སླབ་ཨིན་པས།
གལ་སྲིད་ འབྱོར་འཛིན་གསལ་སྟོན་འབད་ནི་མེད་པ་ཅིན་ སློབ་ཕྲུག་དེ་ ཐབ་ཤིང་འཐུ་བར་ ཁྱིམ་ནང་ལོག་གཏང་ནི་ཨིན་པས།
ཨིན་རུང་ ཕམ་ཚུ་གིས་འབད་བ་ཅིན་ ཁོང་རའི་ཨ་ལུ་ཚུ་ལུ་ བཞེས་སྒོ་དང་ ཤེས་རིག་ཡོན་ཏན་ཐོབ་ནི་ར་ཡོད་པ་ཅིན་ ཐབ་ཤིང་ཚུ་ འཕྲོ་མཐུད་དེ་ར་ ལྷན་ཐབས་འབད་འོང་ཟེར་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།



No comments:

Post a Comment