གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་ལུ་ དབང་པོ་སྐྱོན་ཅན་གྱི་གྱངས་ཁ་ མཐོ་སུ་སྦེ་ར་ཡོདཔ།

༤/༡༢/༢༠༡༢   ༉ ད་ལྟོ་ གོང་འཕེལ་འགྱོ་བའི་བསྒང་ཡོད་མི་ རྒྱལ་ཁབ་གཞན་ཚུ་དང་ཕྱདཔ་ད་ འབྲུག་ལུ་ དབང་པོ་སྐྱོན་ཅན་གྱི་གྱངས་ཁ་དེ་ མཐོ་ཤོས་ཅིག་སྦེ་ར་ གནས་ཏེ་འདུག་ཟེར་ ཁ་ཙ་ རྒྱལ་སྤྱི་དབང་པོ་སྐྱོན་ཅན་གྱི་ཉིནམ་དང་འབྲེལ་ཏེ་ ན་གཞོན་གཡུས་གླིང་ལྟེ་བའི་ ཞལ་འཛོམས་ཁང་ནང་སྦེ་འཚོགས་མི་ ཞལ་འཛོམས་སྐབས་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ སེམས་ཁམས་མཁས་མཆོག་ ཌོག་ཊར་ བཙན་སྐྱོགས་རྡོ་རྗེ་གིས་ སླབ་ཨིན་པས།

མི་དབང་རྒྱལ་བཙུན་མཆོག་གིས་ རྩེད་འགྲན་ནང་ལས་ རྒྱལ་ཁ་ཐོབ་མི་ དབང་པོ་སྐྱོན་ཅན་ཚུ་ལུ་ ལག་ཁྱེར་དང་ དཀར་མེ་ཀོངམ་ཚུ་ གནང་པའི་བསྒང་།

ཞལ་འཛོམས་ཀྱི་ཁྲི་འཛིན་ ཌོག་ཊར་ བཙན་སྐྱོགས་རྡོ་རྗེ་གིས་ སླབ་མི་དང་འཁྲིལཝ་ད་ དེ་བཟུམ་མའི་ གནད་དོན་ཚུ་དང་འཁྲིལ་ གཞུང་དང་ མི་སྡེ་༢ ཆ་ར་གིས་ དབང་པོ་སྐྱོན་ཅན་གྱི་གནས་སྟངས་ཚུ་ ལེགས་བཅོས་འབད་དགོཔ་འདུག་ཟེར་ཨིན་པས།
མ་གཞི་ གཞུང་གིས་ དབང་པོ་སྐྱོན་ཅན་ཚུ་གི་ མཐའ་དོན་ལུ་གཟིགས་ཏེ་ མཐུན་རྐྱེན་ཚུ་ གོང་འཕེལ་བཏང་པའི་བསྒང་ཡོདཔ་ཨིན་རུང་ ད་རེས་ནངས་པ་ ཐིམ་ཕུ་ཁྲོམ་གྱི་ས་ཁོངས་ ག་ཏེ་འགྱོ་རུང་ དབང་པོ་སྐྱོན་ཅན་ཚུ་གིས་ཡང་ ལག་ལེན་འཐབ་ཚུགས་པའི་ གཞི་རྟེན་མཁོ་ཆས་ཚུ་ ཕུད་རྡོག་གཅིག་ཡང་ མིན་འདུག་ཟེར་ བཅའ་མར་གཏོགས་མི་ཚུ་གིས་ སླབ་ཨིན་པས།
དེ་ལུ་ འབྲུག་ལྕོགས་གྲུབ་མི་སྡེའི་ཁྲི་འཛིན་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ ལྷན་འཛིན་སྤྱི་ཁྱབ་ དྲགོས་ཀུན་བཟང་དབང་འདུས་ཀྱིས་ སླབ་མིའི་ནང་ མི་མང་གི་དོན་ལུ་ གཞི་རྟེན་མཁོ་ཆས་ཚུ་ བཟོ་བཀོད་འབད་བའི་སྐབས་ དབང་པོ་སྐྱོན་ཅན་ཚུ་གིས་ཡང་ ལག་ལེན་འཐབ་ཚུགས་ནི་ལུ་ འོས་འབབ་ལྡན་ཏོག་ཏོ་སྦེ་ བཟོ་དགོཔ་དེ་ བཟོ་བཀོདཔ་དང་ བཟོ་རིག་འགོ་དཔོན་ཚུ་གི་ འགན་ཁུར་གྱི་ ཆ་ཤས་བཟུམ་ཅིག་སྦེ་ འོང་དགོ་ཟེར་ཨིན་པས།
ཞལ་འཛོམས་ནང་ བཅའ་མར་གཏོགས་མི་ ཨམ་སྲུ་ཅིག་གིས་ བསམ་འཆར་བཀོད་མིའི་ནང་ དེ་བཟུམ་མའི་ གནད་དོན་ཚུ་གི་ཐད་ལུ་ལྷོདཔ་ད་ མི་ཚུ་གིས་ གྲོགས་རམ་འབད་ནིའི་ མནོ་བསམ་མེདཔ་མིན་པར་ གནད་དོན་དེ་ དཀའ་ངལ་ཨིན་པའི་སྐོར་ལས་ མ་ཤེས་ནི་དེ་གིས་ཨིནམ་ལས་ ཧེ་མ་ར་ མི་མང་ལུ་ ཤེས་ཡོན་བྱིན་དགོཔ་དེ་ ཁག་ཆེ་ཟེར་སླབ་ཨིན་པས།
ཞལ་འཛོམས་ནང་ འབྲེལ་ཡོད་ལས་སྡེ་དང་ དབང་པོ་སྐྱོན་ཅན་ཚུ་གི་ཕམ་ དེ་ལས་ སློབ་དཔོན་ཚུ་གིས་ གསལ་བཤད་ཚུ་འབད་ཡོདཔ་མ་ཚད་ གནད་དོན་ལེ་ཤ་ཅིག་གི་སྐོར་ལས་ གྲོས་བསྡུར་ཚུ་འབད་ཡི།
དེ་བཟུམ་སྦེ་ ཁ་ཙ་ རྒྱལ་སྤྱི་དབང་པོ་སྐྱོན་ཅན་གྱི་ཉིནམ་དང་འབྲེལ་ ཐིམ་ཕུ་ལུང་བསྟན་ཟམ་པའི་ ཉེ་འདབས་ལུ་ཡོད་པའི་ ལུས་རྩལ་ཐང་ནང་སྦེ་ དབང་པོ་སྐྱོན་ཅན་ཚུ་གི་དོན་ལུ་ དམིགས་བསལ་ ཨོ་ལིམ་པིགསི་རྩེད་འགྲན་ལས་རིམ་ཅིག་ འགོ་འདྲེན་འཐབ་ཡོདཔ་ད་ དེ་ནང་ མི་དབང་རྒྱལ་བཙུན་མཆོག་ སྐུ་མགྲོན་གཙོ་བོ་སྦེ་ བྱོན་གནང་ཡོདཔ་བཞིན་དུ་ རྒྱལ་ཁ་ཐོབ་མི་ཚུ་ལུ་ གསོལ་རས་ཚུ་ཡང་གནང་ཡི།
འབྲུག་ལྕོགས་གྲུབ་མི་སྡེ་དང་ བྲག་མཚོ་ལག་ཤེས་སྦྱོང་བརྡར་སྤེལ་ཁང་ ཤེས་རིག་ལྷན་ཁག་འོག་གི་ དམིགས་བསལ་ཤེས་རིག་སྡེ་ཚན་ གསོ་བའི་ལྷན་ཁག་ ན་གཞོན་གོང་འཕེལ་མ་དངུལ་ འབྲུག་གཞི་ཚོགས་ དེ་ལས་ འབྲུག་གི་ དབང་པོ་སྐྱོན་ཅན་གཞི་ཚོགས་ཚུ་གིས་ འགོ་འདྲེན་འཐབ་མི་ རྩེད་འགྲན་ལས་རིམ་དེ་ནང་ བྲག་མཚོ་དང་ ལྕང་སྒང་ཁ་འབྲིང་རིམ་སློབ་གྲྭ་བར་མ་ དེ་ལས་ བསྟན་འབྲུ་འབྲིང་རིམ་སློབ་གྲྭ་གོང་མའི་ སློབ་ཕྲུག་ཚུ་གིས་ བཅའ་མར་གཏོགས་ཡི།
ཉིནམ་དེ་ལུ་ མི་དབང་རྒྱལ་བཙུན་མཆོག་གིས་ ཐིམ་ཕུ་ལུ་ཡོད་པའི་ ཝཱསཊི་ གེ་ལ་རི་དང་ ཡུ་ཨེསི་ཨེ་ལས་ ཇཱོན་ཀོ་རོསི་༢ ཀྱི་ རྒྱབ་སྐྱོར་ཐོག་ལས་ འབྲུག་ལྕོགས་གྲུབ་མི་སྡེ་གིས་ མ་དངུལ་བཟོ་ནིའི་དོན་ལུ་ པར་རིས་འགྲེམ་སྟོན་ འབད་ནི་ཨིན་མི་དེ་ཡང་ འགོ་འབྱེད་མཛད་གནང་ཡོད་པའི་གནས་ཚུལ།



ཉི་མ་དབང་འདུས།

No comments:

Post a Comment