གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རིག་འཛིན་རྡོ་རྗེ་གིས་ སྤུ་ན་ཁའི་དོན་ལུ་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་སྦེ་ དོ་འགྲན་འབད་ནི།

༡/༡༢/༢༠༡༢   ༉ སྤྱི་ལོ་༢༠༡༣ གྱི་ སྤྱི་ཚོགས་བཙག་འཐུའི་སྐབས་ སྤུ་ན་ཁ་རྫོང་ཁག་གི་དོན་ལུ་ སྤུ་ན་ཁ་ སྟོད་ཝང་རྒེད་འོག་ རྟ་རྨིག་དམ་ཆུ་ལས་ སྐྱེས་ལོ་༤༨ འབད་མི་ རིག་འཛིན་རྡོ་རྗེ་གིས་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་སྦེ་ དོ་འགྲན་འབད་ནི་ཨིན་པས།
རིག་འཛིན་རྡོ་རྗེ།


ཐའི་ལེན་གྱི་ རང་སིཊི་གཙུག་ལག་མཐོ་རིམ་སློབ་གྲྭ་ལས་ བདག་སྐྱོང་དང་འཛིན་སྐྱོང་ནང་ མཱསི་ཊརསི་གི་ ཤེས་ཚད་མཇུག་བསྡུ་མི་ རིག་འཛིན་རྡོ་རྗེ་གིས་ སླབ་མིའི་ནང་ ཁོ་ལུ་ རྫོང་ཁག་གི་ མི་སེར་ཚུ་གིས་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་ནང་ བཅའ་མར་གཏོགས་དགོཔ་སྦེ་ ཨུ་ཚུགས་བསྐྱེདཔ་མ་ཚད་ ཧེ་མ་ ཁོ་ར་ སློབ་གྲྭའི་དབུ་འཛིན་སྦེ་ སྡོད་པའི་སྐབས་ སྲིད་བྱུས་བཟོ་ནི་དང་ གྲོས་ཐག་བཅད་ནིའི་ནང་ ཉམས་མྱོང་ཚུ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁོ་རའི་འདེམས་ཁོངས་ གླིང་མུ་སྟོད་ཝང་ནང་ རྒྱལ་ཡོངས་ཚོགས་འདུའི་དོན་ལུ་ སྤྲོ་བ་ལེན་མི་ ལྕོགས་གྲུབ་ཅན་ ལེ་ཤ་ཅིག་ར་ཡོདཔ་ཨིན་རུང་ ད་ལྟོ་ཚུན་ རྫོང་ཁག་ནང་ལས་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ འདེམས་ངོ་ཁོ་ར་ རྐྱངམ་གཅིག་ར་ ཨིན་ཟེར་ཨིན་པས།
ཨིན་རུང་ འགྲོས་ཀྱིས་སྦེ་ གཞན་ཡང་ ལྕོགས་གྲུབ་ཅན་དང་ དང་འདོད་ཅན་ ལེ་ཤ་ཅིག་གིས་ སྤྲོ་བ་ལེན་སྲིད་ནི་ཨིནམ་ལས་ གལ་སྲིད་འདེམས་ངོ་ གཞན་ཡང་ཐོན་པ་ཅིན་ དེ་གིས་ མི་སེར་ཚུ་ལུ་ གདམ་ཁ་ ལེགས་ཤོམ་བྱིན་ཚུགས་ནི་མས་ཟེར་ ཁོ་གིས་སླབ་ཅི།
ད་རེས་ མི་སེར་ཚུ་གིས་ ཁོ་ལུ་ ཨུ་ཚུགས་བསྐྱེད་མི་ལུ་ལྟ་བ་ཅིན་ ངོས་ལེན་ལེགས་ཤོམ་འདུག་ཟེར་ཨིནམ་ད་ དེ་ཡང་ ཁོ་ར་ ཧེ་མ་ཆུང་ཀུའི་བསྒང་ སྤུ་ན་ཁ་ལུ་ དཔེ་ཆ་ལྷབ་སྡོདཔ་་མ་ཚད་ མི་སེར་ཚུ་དང་ཡང་ འབྲེལ་བ་ལེགས་ཤོམ་ཡོད་མི་ལུ་བརྟེན་ཏེ་ ཨིན་མས་ཟེར་སླབ་ཅི།
རིག་འཛིན་གྱིས་ སློབ་གྲྭའི་སློབ་དཔོན་དང་ དབུ་འཛིན་གྱི་ལཱ་འགན་འབག་སྟེ་ ལོ་༢༢ གཞུང་གཡོག་ནང་ ཕྱག་ཞུ་ཡོདཔ་ད་ མཇུག་ར་ འབྲུག་ཨམ་སྲུའི་ཚོང་འབྲེལ་ཚོགས་སྡེའི་ ལས་འགུལ་མདོ་ཆེན་འབད་ཡོདཔ་ད་ སྤྱི་ལོ་༢༠༡༡ ལུ་ དགོངས་ཞུ་འབད་ཡོདཔ་ཨིན་པས།
ཁོ་གི་ལྟ་བ་དང་འཁྲིལ་བ་ཅིན་ གལ་སྲིད་ སྒེར་སྡེ་ཚུ་ སྒྲིང་སྒྲིང་དང་ ལྕོགས་གྲུབ་ཅན་ཡོད་པ་ཅིན་ དེ་གིས་ རྒྱལ་ཡོངས་ཀྱི་ དཔལ་འབྱོར་གོང་འཕེལ་གཏང་ཚུགས་ནི་དང་ དབུལ་ཕོངས་ཀྱི་དཀའ་ངལ་ མར་ཕབ་རྐྱབ་ཚུགས་ནི་ཨིནམ་ལས་ སྒེར་སྡེ་ཚུ་ལུ་ རྒྱབ་སྐྱོར་འབད་ནི་ལུ་ སྤྲོ་བ་ཡོདཔ་ཨིན་པས།
རིག་འཛིན་གྱིས་འབད་བ་ཅིན་ ཁོ་ར་ གཞུང་གི་གཡོག་ནང་ ལཱ་གན་ཁག་མ་འདྲཝ་ཚུ་འབག་སྟེ་ སྡོད་པའི་སྐབས་ལུ་ འབྲུག་མི་ཚུ་གི་གནས་སྟངས་ཚུ་གི་སྐོར་ལས་ ལེགས་ཤོམ་སྦེ་ ཧ་གོ་ཡོདཔ་མ་ཚད་ ཕྱིའི་རྒྱལ་ཁབ་ཚུ་ཡང་ ལེ་ཤ་ཅིག་ནང་ར་ འགྱོ་ནིའི་གོ་སྐབས་ཐོབ་མི་དང་འཁྲིལ་ འཛམ་གླིང་གི་གནས་སྟངས་ཚུ་གི་སྐོར་ལས་ཡང་ ཧ་གོ་ཡོདཔ་ལས་ ཉམས་མྱོང་དེ་ཚུ་གིས་ ཁོ་ར་ རྒྱལ་ཡོངས་ཚོགས་སྡེའི་ནང་ ལཱ་འབད་ནི་ལུ་ ཕན་ཐོགས་པའི་ རེ་བ་ཡོད་ཟེར་ཨིན་པས།
མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཤེས་ཚད་ལྡན་པའི་ འབྲུག་མི་རྒན་ཤོས་ཚུ་གིས་ སྲིད་དོན་ནང་ བཅའ་མར་གཏོགས་དགོ་པའི་ བཀའ་སྐུལ་གནང་མི་དང་འཁྲིལ་ ད་རེས་ ཁོ་ར་གིས་ སྲིད་དོན་ནང་ བཅའ་མར་གཏོགས་ཐོག་ལས་ རྒྱལ་ཁབ་ཀྱི་ དམངས་གཙོའི་རིང་ལུགས་དེ་ གོང་འཕེལ་གཏང་ནིའི་དུས་ཚོད་ རན་ཡོདཔ་བཟུམ་ཅིག་ མཐོངམ་མས་ཟེར་ རིག་འཛིན་གྱི་སླབ་ཅི།
ཁོ་གིས་ བཤད་མིའི་ནང་ སྤྱི་ལོ་༢༠༡༣ གྱི་ བཙག་འཐུའི་སྐབས་ལུ་ མི་སེར་ཚུ་གིས་ རང་སོའི་གདམ་ཁ་ཚུ་ ལེགས་ཤོམ་སྦེ་ རྐྱབ་ཚུགས་པའི་རེ་བ་ཡོདཔ་མ་ཚད་ གལ་སྲིད་ ཁོ་ར་བཙག་འཐུ་འགྲུབ་པ་ཅིན་ མི་སེར་དང་ རྒྱལ་ཁབ་ཀྱི་དོན་ལུ་ ཅི་ལྕོགས་གང་ལྕོགས་ཀྱི་སྒོ་ལས་ ཕྱག་ཞུ་ནིའི་ རེ་བ་ཡོད་ཟེར་ཨིནམ་མ་ཚད་ མི་སེར་ཚུ་གི་དཀའ་ངལ་ཚུ་ ཧ་གོ་ནིའི་དོན་ལུ་ ཁོ་རའི་འདེམས་ཁོངས་ནང་ འཕྲལ་འཕྲལ་སྦེ་ར་ ལྟ་སྐོར་ནང་འགྱོ་ནི་དེ་ ཁག་ཆེ་ཏོག་ཏོ་ཅིག་སྦེ་ མཐོངས་མས་ཟེར་ སླབ་ཡོད་པའི་གནས་ཚུལ།



ཉི་མ་དབང་འདུས།

No comments:

Post a Comment