གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚོགས་སྡེའི་དོན་ལུ་ ལོག་དོ་འགྲན་འབད་ནི།

༧/༡༢/༢༠༡༢   ༉ སྐྱེས་ལོ་༣༢ ལང་མི་ སངས་རྒྱས་ལྷུན་གྲུབ་ཀྱིས་ སྤྱི་ལོ་༢༠༠༨ ཀྱི་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ལས་ རྒྱལ་ཁ་མ་ཐོབ་སྟེ་འབད་རུང་ ད་རུང་ ལོག་སྟེ་ར་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ནང་ལས་ ཚོགས་སྡེའི་སྡོད་ཁྲི་དོན་ལུ་ དོ་འགྲན་འབད་ནི་ཨིན་པས།
སངས་རྒྱས་ལྷུན་གྲུབ།


ལོ་༤ དེ་ཅིག་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་གི་ བསམ་གྲུབ་ཆོས་གླིང་དྲུང་ཁག་ ཕུན་ཚོགས་ཐང་འབྲིང་རིམ་སློབ་གྲྭ་བར་མའི་ནང་ ས་ཁམས་རིག་པའི་ཆོས་ཚན་གྱི་ སློབ་སྟོན་པ་སྦེ་སྡོད་མི་ སངས་རྒྱས་ལྷུན་གྲུབ་ཀྱིས་ ད་རུང་ སང་ཕོད་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུའི་སྐབས་ བདེ་བ་ཐང་ལས་ འདེམས་ངོ་སྦེ་ འཐོན་ནི་ཨིན་པས།
ཁོ་གིས་ སྤྱི་ལོ་༢༠༠༦ ལུ་ རྒྱ་གར་ཤི་ལོང་གི་ ནེ་རུ་གཙུག་ལག་སློབ་སྡེ་ལས་ སྲིད་རིག་ནང་ མཐོ་རིམ་ཤེས་ཡོན་མཐར་འཁྱོལ་ཞིནམ་ལས་ ཞི་གཡོག་ནང་ བཅའ་མར་མ་གཏོགས་པར་ སྤྱི་ལོ་༢༠༠༨ ལུ་ རྒྱལ་ཡོངས་ཚོགས་སྡེའི་ སྡོད་ཁྲི་དོན་ལུ་ དོ་འགྲན་འབད་ཡོདཔ་ཨིན་པས།
སངས་རྒྱས་ལྷུན་གྲུབ་དེ་ ད་ལྟོ་ཚུན་ གཉེན་མ་རྐྱབ་པར་སྡོད་ཡོདཔ་ད་ ཁོ་གིས་ སླབ་མིའི་ནང་ སྤྱི་ལོ་༢༠༠༨ ལུ་ བཙག་འཐུ་ནང་ལས་ རྒྱལ་ཁ་མ་ཐོབ་རུང་ སེམས་ཕམ་མ་བྱུང་ཟེར་ཨིནམ་ད་ སྤྱི་ལོ་༢༠༠༨ ལུ་ རྒྱལ་ཁ་མ་ཐོབ་པར་ ལུས་མི་ལུ་བརྟེན་ ཁོ་རའི་འདེམས་ཁོངས་ཀྱི་གནས་སྟངས་ཚུ་ རྒྱ་ཆེ་དྲགས་སྦེ་ ཧ་གོ་ཚུགས་ནིའི་དོན་ལུ་ བསམ་གྲུབ་ཆོས་གླིང་དྲུང་ཁག་ནང་ ཁག་འབག་གི་སློབ་དཔོན་སྦེ་ སྡོད་ཡོདཔ་ཨིན་པས།
ཁོ་ར་ ཆུང་ཀུའི་བསྒང་ལས་ར་ གཡུས་ཁར་སྡོད་མི་ཅིག་འབད་ནི་དེ་གིས་ གཡུས་ཁའི་སོ་ནམ་པ་ཚུ་གི་ དཀའ་ངལ་ཚུ་ ལེགས་ཤོམ་སྦེ་ར་ ཧ་གོ་ཡི་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ སྲོད་དོན་པ་ཚུ་གིས་ གྲོས་གསེབ་ཀྱི་དཀའ་ངལ་ཚུ་ ཧ་གོ་ཟེར་ སླབ་མི་ལེ་ཤ་ཐོན་ཏེ་ དཀའ་ངལ་སེལ་ཐབས་འབད་ནི་ཟེར་བའི་ ཁས་བླངས་འབད་མི་ ལེ་ཤ་མཐོང་ཡོད་རུང་ ཁོང་རའི་ མནོ་དོན་གྲུབ་ཞིནམ་ལས་ ཁས་བླངས་འབད་མི་དེ་ སེམས་ཁར་དྲན་མི་ཉུངམ་ལས་ ཁོ་གིས་དེ་བ་དྲགཔ་ཅིག་ འབད་ནི་གི་ དང་འདོད་ཡོད་ཟེར་ཨིན་པས།
ཁོ་གིས་ གལ་སྲིད་བཙག་འཐུ་ནང་ལས་ རྒྱལ་ཁ་ཐོབ་སྟེ་འབད་བ་ཅིན་ གཞུང་དང་མི་སེར་གྱི་བར་ན་ ཟམ་བཟུམ་ཅིག་སྦེ་ ཕྱག་ཞུ་ནི་དེ་ དམིགས་ཡུལ་གཙོ་ཅན་ཅིག་ ཨིན་ཟེར་ཨིན་པས།
སངས་རྒྱལ་ལྷུན་གྲུབ་ལུ་ སྲིད་ཚོགས་གསརཔ་ གཞི་བཙུགས་འབད་མི་ ལ་ལུ་ཅིག་གིས་ འདེམས་ངོ་འབད་དགོ་པའི་ དང་འདོད་བཀོད་ཡོད་རུང་ ཁོ་གི་དང་འདོད་དེ་ ཚོགས་སྡེའི་ནང་ ཕྱག་ཞུ་ནི་དེ་ཨིནམ་ལས་ ངོས་ལེན་མ་འབད་ཟེར་ཨིན་པས།
ཁོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ བསམ་གྲུབ་ལྗོངས་མཁར་གྱི་ ད་ལྟོའི་ རྒྱལ་ཡོངས་ཚོགས་སྡེ་གི་འཐུས་མི་ འཇིགས་མེད་དབང་ཕྱུག་དང་ ཁོང་༢ འདས་པའི་བཙག་འཐུའི་སྐབས་ལས་ར་ ངོ་ཤེས་པའི་ཁར་ ཆ་རོགས་བཟུམ་སྦེ་ མཐུན་འབྲེལ་ཡོད་ཟེར་ཨིནམ་ད་ ཁོ་གིས་ གལ་སྲིད་བཙག་འཐུ་གྲུབ་སོ་པ་ཅིན་ ཧེ་མའི་ འཐུས་མི་གིས་ ག་ཅི་འབད་མི་དེ་ འཕྲོ་མཐུད་དེ་ར་ རྒྱ་བསྐྱེད་གཏང་ནི་ལུ་ གཙོ་བོར་བཏོན་ཐོག་ལས་ ད་རུང་ ཐེབས་ག་ཅི་འབད་དགོཔ་འདུག་ག་ཚུ་ བལྟ་ཞིབ་འབད་འོང་ཟེར་ཨིན་པས།
ཁོ་གིས་ ཤེས་རིག་ལྷན་ཁག་ལུ་ དགོངས་ཞུའི་ཡིག་གུ་བཙུགས་ཡོདཔ་ལས་ ད་ལྟོ་ ངོས་ལེན་འབྱུང་ནི་ལུ་ སྒུག་དོ་ཡོདཔ་ད་  ཁོ་གིས་ བཙག་འཐུ་ནང་ འབྲེལ་གཏོགས་འབད་ནི་ཨིན་པའི་ ལོ་རྒྱུས་གོ་མི་ ས་གནས་ཀྱི་ མི་སེར་ཚུ་གིས་འབད་བ་ཅིན་ ཁོ་ལུ་ རྒྱབ་སྐྱོར་ཧྲིལ་བུམ་ཡོད་པའི་ འགྲུལ་འཕྲིན་ཚུ་ལྷོད་ཅི་ཟེར་ ཨིན་པའི་གནས་ཚུལ།



 
རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment