གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབུམ་སྡེ་གླིང་ལུ་ ཁྲུང་ཁྲུང་སྐེ་ནག་གི་གྱངས་ཁ་ མར་བབས་འགྱོ་མི་ལུ་ ཞིབ་འཚོལ་གྱི་ཐབས་ལམ་བཏོན་དགོཔ།

༥/༡༢/༢༠༡༢   ༉ ད་རེས་ཁམས་ ཐིམ་ཕུ་ལུ་སྦེ་ བུམ་ཐང་ ཨོ་རྒྱན་དབང་ཕྱུག་ཉམས་སྲུང་དང་རང་བཞིན་གནས་སྟངས་སློབ་སྦྱོང་སྤེལ་ཁང་གི་ སྤྱི་ཁྱབ་བཀོད་ཚོགས་ཞལ་འཛོམས་ ཐེངས་༢ པ་འཚོགས་པའི་སྐབས་ བློན་ཆེན་འཇིགས་མེད་འཕྲིན་ལས་མཆོག་གིས་ བཀྲིས་གཡང་རྩེ་འབུམ་སྡེ་གླིང་ལུ་ ཁྲུང་ཁྲུང་སྐེ་ནག་གི་གྱངས་ཁ་ ལོ་བསྟར་བཞིན་དུ་ མར་འབབ་འགྱོ་དོ་ཡོདཔ་ལས་ དེ་ལུ་ ཞིབ་འཚོལ་འབད་དགོཔ་ ཁག་ཆེ་བས་ཟེར་གསུངས་ཡི།


བློན་ཆེན་མཆོག་གིས་ གསུངས་མིའི་ནང་ ཧེ་མ་འབད་བ་ཅིན་ འབུམ་སྡེ་གླིང་ལུ་ རྒྱལ་ཁབ་ཀྱི་ས་གནས་གཞན་ཚུ་དང་ཕྱདཔ་ད་ ཁྲུང་ཁྲུང་སྐེ་ནག་གྱི་གྱངས་ཁ་ མཐོ་ཤོས་ཤོ་ཅིག་སྦེ་ འོང་ནི་ཡོདཔ་ཨིན་རུང་ ད་རེས་ གྱངས་ཁ་མར་འབབ་འགྱོ་དོ་ཡོདཔ་ལས་ མ་འོངས་པ་ལུ་ ས་ཁོངས་དེ་ནང་ ཁྲུང་ཁྲུང་ཕུད་རྡོག་གཅིག་ཡང་ མ་ལྷོད་པའི་གནས་སྟངས་ལུ་ ཐུག་བཅུག་ནི་མི་འོང་ཟེར་ཨིན་པས།
དུས་ཅི་གི་ལོ་ནང་ ད་ལྟོ་ཚུན་ ཁྲུང་ཁྲུང་ཉུང་སུ་ཅིག་མ་གཏོགས་ མ་ལྷོདཔ་ད་ ཤུལ་ལས་ དེ་ཚུ་ཡང་ རྩ་མེད་འགྱོ་ནིའི་ ཉེན་ཁ་ཡོདཔ་ལས་ ད་ལྟོ་ལས་ར་ ཉམས་སྲུང་གི་ལཱ་ཚུ་ འབད་དགོཔ་གལ་ཆེ་ཟེར་ བློན་ཆེན་གྱིས་ གསུངས་ཡི།
དེ་ལུ་ སོ་ནམ་བློན་པོ་ ཌོག་ཊར་ པདྨ་རྒྱ་མཚོ་གིས་འབད་བ་ཅིན་ འབུམ་སྡེ་གླིང་ལུ་ ཁྲུང་ཁྲུང་སྐེ་ནག་གི་གྱངས་ཁ་ མར་འབབ་འགྱོ་མི་དེ་ གཙོ་བོ་ར་ འདས་པའི་ལོ་ཚུ་ནང་ ཁོ་ལོང་ཆུ་ལུ་བརྟེན་ ཆུ་རུད་སྦོམ་སྦེ་ཐོན་པའི་སྐབས་ ས་ཁོངས་ནང་ཡོད་པའི་ ཁྲུང་ཁྲུང་འཁྱམས་ས་དང་ གཟནམ་འཚོལ་བཟའ་སའི་ ཆུ་ཞིང་ཚུ་ བྱེམ་གྱིས་གངམ་མ་ཚད་ ཆུ་རུད་ཀྱིས་ འབག་མི་ལུ་བརྟེན་ཏེ་ ཨིན་མས་ཟེར་སླབ་ཅི།
སོ་ནམ་བློན་པོ་གིས་འབད་བ་ཅིན་ འབུམ་སྡེ་གླིང་གི་ ཁྲུང་ཁྲུང་ཞག་ཉལ་ས་དང་ འཁྱམས་སྡོད་སའི་ས་ཁོངས་ཚུ་ ལེགས་བཅོས་རྒྱ་ཆེ་དྲགས་སྦེ་ར་ འབད་དགོཔ་ཡོདཔ་ལས་ ཕྱིའི་རྒྱལ་ཁབ་ཚུ་ལས་ མ་དངུལ་གྲོགས་རམ་གྱི་དོན་ལུ་ ཡི་གུ་བྲིས་ཏེ་ཡོད་ཟེར་ཨིན་པས།
དེ་དང་གཅིག་ཁར་ མ་གཞི་ ཁྲུང་ཁྲུང་སྐེ་ནག་ཚུ་ འབུམ་སྡེ་གླིང་ལུ་ ཞག་ཉལ་དོ་ཡོདཔ་ཨིན་རུང་ འཁྱམས་ས་དང་ ལྟོ་འཚོལ་བཟའ་སའི་ས་ཁོངས་ཚུ་ བཀྲིས་གཡང་རྩེ་ ཁྲོམ་གྱི་ཉེ་འདབས་ལས་ཕར་ཨིནམ་ལས་ ད་རེས་ བཀྲིས་གཡང་རྩེ་ཁྲོམ་གྱི་ས་ཁོངས་ནང་ སྒྲིང་ཁྱིམ་ཚུ་ ལེ་ཤ་རྐྱབ་མི་ལུ་ ཚ་གྱང་ལང་དོ་ཡོདཔ་སྦེ་ འགོ་དཔོན་ཚུ་གིས་སླབ་ཅི།
རྒྱལ་གཞུང་རང་བཞིན་སྲུང་སྐྱོབ་ཚོགས་སྡེ་དང་ འབུམ་སྡེ་གླིང་རི་དྭགས་སྲུང་སྐྱོབ་ས་ཁོངས་༢ ཀྱིས་ ཞིབ་འཚོལ་འབད་མི་དང་འཁྲིལཝ་ད་ འབུམ་སྡེ་གླིང་ལུ་ སྤྱི་ལོ་༡༩༨༧ དང་༡༩༨༨ ཀྱི་བར་ན་ ཁྲུང་ཁྲུང་༢༠༠ འོང་བའི་ཤུལ་ལུ་ ལོ་ངོ་དག་པ་ཅིག་གི་རིང་ གྱངས་ཁ་ཚུ་ ཡར་སེང་མར་འབབ་སྦེ་ སྡོད་ཡོདཔ་ཨིན་པས།
ཨིན་རུང་ སྤྱི་ལོ་༢༠༠༣ ལས་འགོ་བཙུགས་ བྱ་དེ་ཚུ་གི་གྱངས་ཁ་དེ་ རྒྱ་ཆེ་དྲགས་སྦེ་ར་ མར་བབས་སོང་ཡོདཔ་ད་ སྤྱི་ལོ་༢༠༡༡ ལུ་༡༠༠ ལྷགཔ་ཅིག་ལས་ མ་ལྷོདཔ་ཨིན་པས།
དེ་ལུ་ འབུམ་སྡེ་གླིང་གི་རྒཔོ་ ཚེ་རིང་རྒྱལ་མཚན་གྱིས་ ཀུན་གསལ་ལུ་སླབ་མིའི་ནང་ ད་ལྟོ་ཚུན་ འབུམ་སྡེ་གླིང་ལུ་ བྱ་དག་པ་ཅིག་ལས་བརྒལ་ མ་ལྷོདཔ་ཨིན་རུང་ ད་ལྟོ་ བྱ་ཚུ་ འོང་བའི་བསྒང་འབད་ནི་དེ་གིས་ དེ་ལས་ལྷགཔ་སྦེ་ ལྷོད་ནི་གི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
འབུམ་སྡེ་གླིང་ རི་དྭགས་སྲུང་སྐྱོབ་ས་ཁོངས་ཀྱི་ ནགས་ཚལ་འགོ་དཔོན་ བསོད་ནམས་ཆོས་གྲུབ་ཀྱིས་ སླབ་མིའི་ནང་ ད་ལྟོ་ཚུན་ ལུང་གཤོང་དེ་ནང་ ཁྲུང་ཁྲུང་༥༠ དེ་ཅིག་ ལྷོད་དེ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འདས་པའི་ལོ་ཚུ་ནང་རྐྱབ་མི་ ཆུ་བྱག་ཚུ་ ལྕགས་ཀྱི་དྲྭ་མིག་གིས་བསྡམས་མི་ གེ་བིན་ཝཱལ་ཚུ་ མེན་ནི་དེ་གིས་ ན་ཧིང་གནམ་བྱཱར་ གཙང་ཆུ་བྲེས་བའི་སྐབས་ འཕྱགས་བདའ་ཡི་ཟེར་ཨིནམ་ད་ ད་རེས་ གཙང་ཆུ་དེ་ ཆུ་ཞིང་ཁ་ཐུག་ལས་ ཁ་བསྒྱུར་གཏང་ནིའི་དོན་ལུ་ ཆུ་བྱག་གེ་བིན་ཝཱལ་ མི་ཊར་༢༧༥ འབད་མི་དེ་ཡང་ བརྒྱ་ཆ་༩༩ དེ་ཅིག་ མཇུག་བསྡུ་སྟེ་ཡོད་ཟེར་ཨིན་པས།
ཨིན་རུང་ ད་རུང་ རིང་ཚད་མི་ཊར་༢༠༠ འབད་མི་ཆུ་བྱག་ཅིག་ རྐྱབ་དགོཔ་ཡོདཔ་ད་ ཆུ་བྱག་རྐྱབ་ནིའི་ལཱ་གི་དོན་ལུ་ ཇའི་ཀ་གིས་ ཟད་འགྲོ་མ་དངུལ་ས་ཡ་༢༠ བྱིན་ཏེ་ཡོད་ཟེར་ བསོད་ནམས་ཆོས་གྲུབ་ཀྱིས་སླབ་ཅི།
འབུམ་སྡེ་གླིང་རི་དྭགས་སྲུང་སྐྱོབས་ཀྱི་ ནགས་ཚལ་འགོ་དཔོན་གཙོ་འཛིན་ སྤང་སྐྱེས་འབྲུག་པ་གིས་འབད་བ་ཅིན་ མ་གཞི་ ཞིབ་འཚོལ་ཚུ་ ག་ཅི་ཡང་ འབད་འབདཝ་མེད་རུང་ མི་སེར་ཚུ་དང་འཁྲིལ་བ་ཅིན་ ཆུ་རུད་ཀྱིས་ ད་ལྟོ་ཚུན་ ཆུ་ཞིང་ཨེ་ཀར་༢༠༠ དེ་ཅིག་ འཕྱགས་བདའ་ནུག་ཟེར་ཨིན་པས།
སྤྱི་ལོ་༡༩༩༨ དང་ སྤྱི་ལོ་༢༠༡༠ ལུ་ བྱ་ཚུ་གི་སྐོར་ལས་ ཞིབ་འཚོལ་འབད་ནིའི་དོན་ལུ་ གྱང་བསྒྲགས་རེ་ཌིའོ་ ཀོ་ལར་བཏགས་བཏང་ཡོདཔ་ཨིན་རུང་ བྱ་དེ་ཚུ་ འབྲུག་ལུ་ ལོག་མ་ལྷོད་ཟེར་ཨིན་པས།
ཨིན་རུང་ དབང་འདུས་ཕོ་བྲང་གི་ས་གནས་ ཕོབ་སྦྱིས་ཁ་ལུ་འབད་བ་ཅིན་ ལོ་བསྟར་བཞིན་དུ་ ཁྲུང་ཁྲུང་སྐེ་ནག་གི་གྱངས་ཁ་ཚུ་ ཡར་སེང་ཐོག་ ལྷོད་དོ་ཡོདཔ་ཨིན་པའི་གནས་ཚུལ།



 
ཉི་མ་དབང་འདུས།

No comments:

Post a Comment