གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སིའུ་ཤ་མུ་གི་ ཚོང་འབྲེལ་ལུ་བརྟེན་ འོང་འབབ་ལེགས་ཤོམ་བཟོ་ཚུགས་དོ་ཡོདཔ།

༡༤/༡༢/༢༠༡༢   བུམ་ཐང་ མཁར་ས་གཡུས་ཚན་ལས་ མི་ལ་ལུ་ཅིག་གིས་ སིའུ་ཤ་མུ་ལུ་བརྟེན་ ལོ་རེ་ནང་ འོང་འབབ་དངུལ་ཀྲམ་༡༠༠,༠༠༠ དེ་ཅིག་ བཟོ་ཚུགས་དོ་ཡོདཔ་ཨིན་པས།

༉ ཤར་ཕྱོགས་ལས་ཨིན་མི་ སྐྱེས་ལོ་༤༣ ལང་མི་ཨམ་སྲུ་ཅིག་ སྤ་རོ་ལུ་སྡོད་དོ་ཡོདཔ་ད་ མོ་གིས་ ཨ་རྟག་ར་ ནགས་ཚལ་ནང་ སིའུ་ཤིང་གུ་ལས་ སིའུ་ཤ་མུ་སྤོག་པར་ འགྱོ་དོ་ཡོདཔ་ཨིན་པས།
མོ་གིས་ ཨ་རྟག་ར་ ཉིན་མའི་ལྟོ་བཅིངས་ཞིནམ་ལས་ ཟོརཝ་དང་ ཤ་མུ་འདེགས་ནིའི་དོན་ལུ་ ཕད་ཅུང་ཅིག་འབག་སྟེ་ འགྱོ་དོ་ཡོདཔ་ཨིན་པས།



ཤ་མུ་སྤོག་མི་ ཨམ་བཟང་མོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ གནམ་དགུན་གྱི་སྐབས་ལུ་ སིའུ་ཤ་མུ་ཚུ་ སྐམ་འགྱོ་དོ་ཡོདཔ་ལས་ ཤ་མུ་ངོས་འཛིན་འབད་ནི་ལུ་ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་རུང་ སིའུ་ཤ་མུ་དེ་ ག་དེམ་ཅིག་ཐོབ་ཅིག་ དེ་དང་བསྟུན་པའི་ འོང་འབབ་མ་དངུལ་ཡང་ བཟོ་ཚུགས་པས་ཟེར་ཨིན་པས།
ཧཱ་དང་ སྤ་རོ་ དེ་ལས་ བུམ་ཐང་གི་ མི་ཚུ་གིས་ ལོ་༣ གྱི་ཧེ་མ་ལས་ར་ སིའུ་ཤ་མུ་སྤོག་ནི་ འགོ་བཙུགས་ཡོདཔ་ད་ ཧཱ་གི་ཚོང་པ་ཚུ་གིས་ སིའུ་ཤ་མུ་དེ་ ནུབ་ཕྱོགས་ཀྱི་ ས་མཚམས་ཁྲོམ་སྡེ་ཚུ་ནང་ བཙོང་པར་འབག་འགྱོ་དོ་ཡོདཔ་ཨིན་པས།
སིའུ་ཤ་མོང་དེ་ སྤོག་པར་འགྱོ་བའི་སྐབས་ མི་ལ་ལུ་ཅིག་གིས་ ཉིན་མའི་ལྟོ་བཅིངས་འབག་སྟེ་ ཕྱི་རུ་ ལོག་ཁྱིམ་ནང་ འོང་དོ་ཡོདཔ་ཨིན་རུང་ ལ་ལུ་ཅིག་གིས་ ནགས་ཚལ་ནང་ སྒར་བཅགས་ཏེ་ སྡོད་དོ་ཡོདཔ་ཨིན་པས།
བཟངམོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སིའུ་ཤ་མུ་སྤོག་མི་ ཕོ་སྐྱེས་དང་ ཨམ་སྲུ་མང་རབས་ཅིག་ འགྱོ་དོ་ཡོདཔ་ལས་ ཉིནམ་གཅིག་ནང་ པར་རི་གང་ལས་མ་ཐོབ་རུང་ དྲག་ཤོག་སྦེ་ བཞག་དགོ་པས་ཟེར་ཨིན་པས།
གནམ་བྱཱར་གྱི་དུས་ཚོད་ལུ་ ཆར་ཆུ་འབབ་ནི་དེ་གིས་ ཤ་མུ་སྦོམ་འགྱོཝ་ད་ ལེགས་ཤོམ་སྦེ་ མཐོང་དོ་ཡོདཔ་ད་ དེ་བསྒང་ལས་ སྤོག་ནིའི་དུས་ཚོད་ རན་དོ་ཡོདཔ་ཨིན་པས།
ཚོང་པ་ཚུ་གིས་ ཤ་མུ་བསྡུ་ལེན་འབད་མི་ཚུ་ལས་ ཨོ་ཊིན་ཕུད་ཏ་གང་ལུ་ དངུལ་ཀྲམ་༡,༨༠༠ ལས་༢,༠༠༠ གི་བར་ན་སྦེ་ ཉོ་དོ་ཡོདཔ་ཨིན་པས།
བུམ་ཐང་དུར་ལས་ཨིན་མི་ པདྨ་ཚེ་དབང་གིས་འབད་བ་ཅིན་ ཧཱ་དང་ སྤ་རོ་གི་ ཚོང་པ་ཚུ་གིས་ ཨ་རྟག་ར་ སིའུ་ཤ་མུ་ འཚོལ་བར་འོང་དོ་ཡོདཔ་ལས་བརྟེན་ བུམ་ཐང་གི་ མི་ཚུ་གིས་ སྤྱི་ལོ་༢༠༡༠ ལས་ འགོ་བཙུགས་ཏེ་ སིའུ་ཤ་མུ་ཚུ་ བསྡུ་བསྒྱོམ་འབད་ནི་ འགོ་བཙུགས་ཅི་ཟེར་ཨིན་པས།
གཡུས་ཁའི་ཚོགས་པ་གིས་འབད་བ་ཅིན་ སིའུ་ཤ་མུ་བཙོང་མི་ལུ་བརྟེན་ མི་རེ་གིས་ ལོ་རེ་ནང་ འོང་འབབ་དངུལ་ཀྲམ་༣༠,༠༠༠ དེ་ཅིག་ བཟོཝ་མས་ཟེར་ སླབ་ཨིན་པས།
མཁར་ས་གཡུས་ཚན་ལས་ མི་ལ་ལུ་ཅིག་གིས་ ལོ་རེ་ནང་ འོང་འབབ་དངུལ་ཀྲམ་༡༠༠,༠༠༠ དེ་ཅིག་ བཟོ་དོ་ཡོད་པའི་ ལོ་རྒྱུས་ཚུ་ཡང་ འདུག་ཟེར་ཨིན་པས།
མཁར་ས་གཡུས་ཚན་གྱི་ ཚོགས་པ་ དབང་ཕྱུག་གིས་འབད་བ་ཅིན་ སིའུ་ཤིང་ལུ་ རྩང་ཡོད་ནི་དེ་གིས་ སིའུ་ཤ་མུ་སྤོག་ནི་དེ་ ལཱ་ཁག་འདུག་ཟེར་ བཤདཔ་ཨིན་པས།
ཧཱ་ལས་ ཚོང་པ་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ས་མཚམས་ཁྲོམ་སྡེ་ཚུ་ནང་ སིའུ་ཤ་མུའི་ཚོང་འབྲེལ་ ལེགས་ཤོམ་འགྱོ་མི་དེ་ཡང་ བཟའ་ཁང་སྦོམ་ཚུ་ནང་ ཚོདམ་བཟོ་ནིའི་དོན་ལུ་ ལག་ལེན་འཐབ་མས་ཟེར་ཨིན་པས།
སྐྱེས་ལོ་༣༠ ལང་མི་ ཚོང་པ་དེ་གིས་ སྤྱི་ལོ་༢༠༠༨ ལུ་ སིའུ་ཤ་མུའི་ཚོང་འབྲེལ་ འགོ་བཙུགས་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ འགོ་དང་པ་ སིའུ་ཤ་མུ་ཉོ་བའི་སྐབས་ ཨོ་ཊིན་ཕུད་ཏ་གང་ལུ་ དངུལ་ཀྲམ་༥༠༠ རེ་སྦེ་ ཉོ་ཡོད་རུང་ ད་ལྟོ་འབད་བའི་བསྒང་ལས་ གོང་ཚད་ལོག་ལྟབ་ཀྱིས་ ཡར་སེང་སོང་ནུག་ཟེར་ སླབ་ཨིན་པས།
ཐིམ་ཕུ་ སེམས་རྟོགས་ཁ་ལུ་ཡོད་མི་ རྒྱལ་ཡོངས་ཤ་མུ་ལྟེ་བ་གི་ འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སིའུ་ཤ་མུ་གི་ ཚོང་འབྲེལ་སྐོར་ལས་ ཧ་གོ་ཡོདཔ་ཨིན་རུང་ གོང་ཚད་ཀྱི་ཐད་ཁར་ ག་ཅི་ལུ་བརྟེན་ མཐོ་དྲགས་སྦེ་ སླབ་དོ་ཡོདཔ་ཨིན་ན་ ལེགས་ཤོམ་སྦེ་ དབྱེ་དཔྱད་འབད་ནི་ཟེར་ཨིན་པས།
རྒྱལ་ཡོངས་ཤ་མུ་ལྟེ་བའི་མདོ་ཆེན་ ཟླ་བ་དཔལ་འབྱོར་གྱིས་འབད་བ་ཅིན་ སིའུ་ཤ་མུ་དེ་ རོ་ས་ཤེ་རི་ཀ་ཟེར་མི་ ཤིང་སྐམ་གུ་ སྐྱེས་དོ་ཡོདཔ་ལས་ མི་ཚུ་གིས་ གཟུགས་ཁར་ཕན་ཐོགས་ཡོད་ཟེར་སླབ་སྟེ་ ཉོཝ་མེན་ན་ཟེར་ སླབ་ཨིན་པས།
ཨམ་བཟངམོ་གིས་ བདུན་ཕྲག་༢ ནང་ སིའུ་ཤ་མུ་ ཨོ་ཊིན་ཕུད་ཏ་༥ ཐོབ་ཡོདཔ་ལས་ སེམས་དགའ་སྟེ་ ཡོདཔ་ཨིན་པས།
མོ་གིས་ སླབ་མིའི་ནང་ འདས་པའི་ལོ་ནང་ གནམ་བྱཱར་གྱི་དུས་ཚོད་ལུ་ སིའུ་ཤ་མུ་འཐུ་སྟེ་ དངུལ་ཀྲམ་༨,༠༠༠ བཟོ་ཡི་ཟེར་ཨིནམ་ད་ ཤ་མུའི་གོང་ཚད་ལེགས་ཤོམ་ཐོབ་རུང་ བསྡུ་བསྒྱོམ་འབད་ནི་ལུ་ དཀའཝ་དཔྱད་དགོ་པས་ཟེར་ཨིན་པས།
མོ་གིས་ སླབ་མི་དང་འཁྲིལཝ་ད་ ཁྲག་ཤུགས་མཐོ་དྲགས་ཡོད་མི་ཚུ་གིས་ སིའུ་ཤ་མུ་དེ་ བཟའ་བ་ཅིན་ ཕན་ཐོགས་ཡོད་པའི་ ལོ་རྒྱུས་ཚུ་སླབ་སར་ གོ་ཡི་ཟེར་ ཨིན་པའི་གནས་ཚུལ།



རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment