གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྒང་སྟེང་དང་ ཕོབ་སྦྱིས་ཁ་ལུ་ དེང་སང་གི་ གསང་སྤྱོད་རྐྱབ་ཐོག་ལས་ འོང་འབབ་བཟོ་ནིའི་དམིགས་གཏད།

༡༧/༡༢/༢༠༡༢   ཕོབ་སྦྱིས་ཁ་དང་ སྒང་སྟེང་རྒེད་འོག་ལས་ སྒྲིང་ཁྱིམ་༢༠ དེ་ཅིག་ ངོས་འཛིན་འབད་དེ་ གཞི་རྟེན་མཁོ་ཆས་ཚུ་ རྒྱ་བསྐྱེད་འབད་ནིའི་ལཱ་ འགོ་བཙུགས་ཡོདཔ་ཨིན་པས།
༉ གནམ་དགུན་ལུ་ ཁྲུང་ཁྲུང་འཁྱམས་སའི་ས་ཁོངས་ སྦོམ་ཤོས་ཅིག་ཨིན་མི་ ཕོབ་སྦྱིས་ཁའི་ ལུང་གཤོང་དང་ དེའི་ཉེ་འདབས་ལུ་ཡོད་པའི་ སྒང་སྟེང་རྒེད་འོག་གི་ མི་སེར་ཚུ་གི་ འཚོ་བའི་གནས་སྟངས་ ཡར་དྲག་གཏང་ནིའི་དོན་ལུ་ རྒྱལ་གཞུང་རང་བཞིན་སྲུང་སྐྱོབ་ཚོགས་སྡེ་གིས་ འགོ་འདྲེན་ཐོག་ལས་ མི་སྡེ་གོང་འཕེལ་གྱི་ ལས་རིམ་དག་པ་ཅིག་ འགོ་བཙུགས་ནིའི་དོན་ལུ་ མི་སེར་ཚུ་གིས་ ད་ལྟོ་ལས་ར་ གྲ་སྒྲིག་འབད་དོ་ཡོདཔ་ཨིན་པས།
ལྟ་བཤལཔ་ཚུ་གི་དོན་ལུ་ དེང་སང་གི་ གསང་སྤྱོད་རྐྱབ་དོ་ཡོདཔ་ཨིན་མས།


ལས་རིམ་ཁག་༥ དེ་ཅིག་ཡོད་པའི་གྲས་ལས་ གཙོ་བོ་ཅིག་ ལྟ་བཤལཔ་ཚུ་ལུ་ བཟའ་ཁང་དང་འབྲེལ་བའི་ཞབས་ཏོག་ཚུ་ གཡུས་མི་ཚུ་གིས་ རང་ལུགས་ཀྱི་ཐོག་ལས་ བྱིན་ནིའི་དོན་ལུ་ རང་ལུགས་ཀྱི་ཁྱིམ་ཚུ་ རྒྱ་བསྐྱེད་འབད་དེ་ བཟའ་ཁང་གི་ ཁྱད་ཆོས་དང་ལྡནམ་སྦེ་ བཟོ་ནི་ཨིན་པས།
བཟའ་ཁང་གི་ཞབས་ཏོག་དེ་ སང་ཕོད་ སྤྱི་ཟླ་༥ པ་ལས་ འགོ་བཙུགས་ནིའི་དོན་ལུ་ ད་ལྟོ་ལས་ ཕོབ་སྦྱིས་ཁ་དང་ སྒང་སྟེང་རྒེད་འོག་ལས་ སྒྲིང་ཁྱིམ་༢༠ དེ་ཅིག་ ངོས་འཛིན་འབད་དེ་ གཞི་རྟེན་མཁོ་ཆས་ཚུ་ རྒྱ་བསྐྱེདཀྱི་ལཱ་ཚུ་ འགོ་བཙུགས་ཅི་ཟེར་ ལས་རིམ་འགོ་དཔོན་ ཚེ་རིང་ཆོས་སྐྱིད་ཀྱིས་ སླབ་ཨིན་པས།
མོ་གིས་འབད་བ་ཅིན་ ཁྱིམ་མང་ཤོས་ཅིག་ར་ ཐོག་ཚད་༢ འབད་མི་ཨིན་པའི་ཁར་ ནང་ན་ལེགས་ཤོམ་ཡོད་རུང་ གསང་སྤྱོད་དེ་ རང་ལུགས་ཀྱི་ ས་དོང་གི་གསང་སྤྱོད་ཚུ་ཨིནམ་ལས་ ད་རེས་ནངས་པའི་ ལམ་ལུགས་ཐོག་གི་ ཆུ་ལག་ལེན་འཐབ་བཏུབ་ བཟོ་ནིའི་དོན་ལུ་ རྐྱབ་དོ་ཡོདཔ་ལས་ ལག་ལེན་དེ་གི་དོན་ལུ་ ཚོགས་སྡེ་གིས་ མ་དངུལ་གྱི་གྲོགས་རམ་ དུམ་གྲ་རེ་འབད་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།
ཕྱི་རྒྱལ་གྱི་ ལམ་ལུགས་ཐོག་ལུ་ གསང་སྤྱོད་རྐྱབ་ནིའི་དོན་ལུ་ ལ་ལུ་ཅིག་གིས་ འབྲུག་གོང་འཕེལ་དངུལ་ཁང་ལས་ དངུལ་བསྐྱིན་འགྲུལ་ལེན་ནིའི་ གྲ་སྒྲིག་འབད་དོ་ཡོདཔ་ད་ དེའི་གྲས་ལས་ སྐྱེས་ལོ་༥༥ ལང་མི་ པདྨ་གིས་ སླབ་མིའི་ནང་ བསྐྱིན་འགྲུལ་དངུལ་ཀྲམ་༨༠,༠༠༠ དེ་ཅིག་ལེན་པ་ཅིན་ གསང་སྤྱོད་བསྒྲུབ་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ད་ལྟོ་ གོ་སྐབས་ཐོབ་པའི་སྐབས་ ལཱ་རྩ་འགེངས་ཏེ་མ་འབད་བ་ཅིན་ ཤུལ་ལས་ དེ་བཟུམ་གྱི་ གོ་སྐབས་འཐོབ་ནི་དེ་ དཀོན་སུ་ཅིག་ཨིནམ་ལས་ དངུལ་གྱི་ལྕོགས་གྲུབ་མེད་རུང་ ཕར་ཚུར་ལས་འཚོལ་ཏེ་ ལཱ་འབད་ནི་ཟེར་ཨིན་པས།
ཞབས་ཏོག་དེ་གིས་ མ་དངུལ་ལེགས་ཤོམ་བཟོ་ཚུགས་པ་ཅིན་ ཞིང་ཁར་ ལཱ་འབད་ནི་ཡང་ བཀོག་བཞག་སྟེ་ བརྩོན་ཤུགས་བསྐྱེད་ནི་ཟེར་ཨིནམ་ད་ ད་རེས་ནངས་པ་ དངུལ་ཐོག་ཀེ་བའི་གོང་ཚད་དེ་ ལོ་བསྟར་བཞིན་དུ་ མར་འབབ་འགྱོ་མི་ལུ་བརྟེན་ ལཱ་འབད་ནི་ལུ་ སྤྲོ་བ་མི་བྱུང་པས་ཟེར་ཨིན་པས།
མོ་གི་ཁྱིམ་ཚང་ གཡང་དཀར་གྱིས་ གསང་སྤྱོད་རྐྱབ་ཚར་རུང་ ཁྱིམ་དེ་བཟའ་ཁང་སྦེ་ ལག་ལེག་འཐབ་ནི་ཨིན་ན་ གཏན་འཁེལ་སྦེ་ ཐག་མ་བཅད་པར་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ ཁྱིམ་དེ་ བཟའ་ཁང་གི་དོན་ལུ་ ཁྱད་ཆོས་ཚང་རུང་ ཁོ་རའི་ ཨ་ལུ་ཚུ་ སྡོད་ནིའི་དོན་ལུ་ དགོས་མཁོ་ཡོདཔ་ལས་ མི་བྱིན་ཟེར་ མནོཝ་མས་ཟེར་ཨིན་པས།
ཁྱིམ་བཟའ་ཁང་གི་དོན་ལུ་ ལག་ལེན་འཐབ་དགོ་པ་ཅིན་ ཁྱིམ་ཐོག་ཚད་དང་བཅསཔ་སྦེ་ གཙང་སྦྲ་དང་ལྡན་ཏོག་ཏོ་ དགོ་པའི་ཁར་ ལཱ་གཡོག་འཇུག་བསྡུ་ནིའི་དོན་ལུ་ མི་ཡང་མངམ་སྦེ་ དགོཔ་འདུག་ཟེར་ཨིན་པས།
ཚོགས་སྡེ་གིས་ འབྲེལ་གཏོགས་ཅན་ཚུ་ལུ་ བཞེས་སྒོ་བཟོ་ནི་དང་ དྲང་བཞག་རྐྱབ་ཐངས་ཀྱི་སྐོར་ལས་ སྦྱོང་བརྡར་ཚུ་ བྱིན་ནི་ཨིན་པས།
ལས་རིམ་གཞན་ཡང་ ལྟ་བཤལ་ལམ་སྟོན་འབད་ནིའི་གོ་སྐབས་ཡང་ གཡུས་མི་ཚུ་ལུ་ བྱིན་ནི་ཨིནམ་ད་ དེའི་དོན་ལུ་ རབ་འབྱུང་པ་ཅིན་ སློབ་རིམ་༡༠ པ་དང་༡༢ པ་ མཐར་འཁྱོལ་མི་དགོ་ནི་དང་ དེ་མིན་རུང་ གཡུས་ཁའི་སྐོར་ལས་ ལོ་རྒྱུས་ ལེགས་ཤོམ་སྦེ་ཤེས་མི་ ཡོད་པ་ཅིན་བཏུབ་ཟེར་ ཚེ་རིང་ཆོས་སྐྱིད་ཀྱིས་ བཤདཔ་ཨིན་པས།
ལཱ་གཞན་ཡང་ རྐང་ལམ་བཟོ་ནི་དང་ ལག་བཟོའི་ སྦྱོང་བརྡར་བྱིན་ནི་ཚུ་ཨིནམ་ད་ མ་གཞི་ ལག་བཟོ་སྦྱོང་བརྡར་དེ་ ཧེ་མ་ལས་ར་ བྱིན་ཡོདཔ་ཨིན་རུང་ ད་རུང་ ཡར་དྲག་གཏང་དགོཔ་ཡོད་ཟེར་ ཚེ་རིང་ཆོས་སྐྱིད་ཀྱིས་ སླབ་ཨིན་པའི་གནས་ཚུལ།


ཕོབ་སྦྱིས་ཁ་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment