གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ན་གཞོན་སློབ་ཕྲུག་ཚུ་ལུ་ གནམ་དགུན་གྱི་སློབ་སྟོན་ འགོ་བཙུགས་ཡོདཔ།

༧/༡༢/༢༠༡༢   ༉ དུས་ཅི་ ན་གཞོན་དཔལ་རི་མ་དངུལ་གྱིས་ ཟླཝ་༡ འབད་མི་ ལོ་བསྟར་གནམ་དགུན་གྱི་ ན་གཞོན་དང་འབྲེལ་བའི་ སྤྲོ་བ་ཅན་དང་ ཕན་ཐོགས་ཅན་གྱི་སློབ་སྟོན་ལས་རིམ་ ཐེངས་༥ པ་དེ་ ཁ་ཙ་ སྤྱི་ཟླ་༡༢ པའི་ཚེས་༦ ལུ་ ཐིམ་ཕུ་ན་གཞོན་དཔལ་རི་ལྟེ་བ་ནང་སྦེ་ འགོ་བཙུགས་ཡོདཔ་ཨིན་པས།


ན་གཞོན་ལས་རིམ་དེ་ གཙོ་བོ་ ན་གཞོན་དང་ སློབ་ཕྲུག་ཨ་ལུ་ཚུ་གིས་ ངལ་གསོའི་སྐབས་ དུས་ཚོད་འཕྲོ་བརླགས་མ་གཏང་པར་ ཀུན་ཚང་ཤེས་ཡོན་གྱི་ རིག་རྩལ་མ་འདྲཝ་ཚུ་ སྦྱང་བརྩོན་འབད་བཅུག་ནི་དང་ ཁོང་ར་ ཕན་ཚུན་གྱི་བར་ན་ འབྲེལ་བ་བཟོ་ནི་ དེ་ལས་ ཆ་རོགས་གསརཔ་ཕྱད་ནིའི་ གོ་སྐབས་ཚུ་བྱིན་ཚུགས་ནི་ལུ་ དམིགས་ཏེ་ཨིན་པས།
ལས་རིམ་ཚུ་ཡང་ ཀུན་ཚང་ཤེས་ཡོན་ལུ་ ཨ་ལུ་ཚུ་གི་སྤྲོ་བ་དང་ གུས་བསྐུར་ཡར་དྲག་གཏང་ཚུགས་པའི་ ཐབས་ལམ་གྱི་ཐོག་ལུ་ བཟོ་བཀོད་འབད་ཡོདཔ་ད་ ལས་རིམ་གྱི་ཅ་ཆས་ཚུ་ ཉོ་ནིའི་དོན་ལུ་ བཅའ་མར་གཏོགས་མི་ཚུ་ལས་ འཛུལ་འཐུས་དངུལ་ཀྲམ་༡༠༠ རེ་ ལེན་དོ་ཡོད་རུང་ ཕམ་ཉམ་ཆུང་ འཐུས་སྤྲོད་མ་ཚུགས་མི་ཚུ་ལུ་ དམིགས་བསལ་གྱི་ དགོངས་ཡངས་ཡོདཔ་ཨིན་པས།
ན་གཞོན་དང་ ཨ་ལུ་ཚུའི་ སྤྲོ་བ་དང་འཁྲིལ་ཏེ་ ལས་རིམ་ལ་ལུ་ཅིག་ ལོ་བསྟར་བཞིན་དུ་ བཅོག་འཐདཔ་སྦེ་ འགོ་འདྲེན་འཐབ་དོ་ཡོད་རུང་ སྤྲོ་བ་མ་བསྐྱེད་མི་ ལས་རིམ་ཚུ་ཕྱིར་བསལ་འབད་ཐོག་ལས་ སྤྲོ་བ་ཅན་དང་ ཤེས་ཡོན་འཕེལ་ཐབས་བཟོ་ནི་ལུ་ ཕན་ཐོགས་ཅན་གྱི་ལས་རིམ་གཞན་ཚུ་ བཙུགསཔ་ཨིན་ཟེར་ཨིན་པས།
དུས་ཅི་ཟླ་ངོ་གཅིག་གི་ལས་རིམ་ནང་ དཔེ་དེབ་ལྷག་ནི་དང་ རང་ལུགས་དང་ རིག་གསར་གྱི་ཚོན་རིས་ སྙན་ཆ་དང་ ཞབས་ཁྲ་ ལམ་སྲོལ་ བརྡ་བརྒྱུད་དང་འབྲེལ་བའི་ལས་སྣ་ པར་བཏབ་ནི་དང་ པར་ཆས་ལག་ལེན་འཐབ་ཐངས་ ཟས་བཅུད་དང་ གཙང་སྦྲ་འཕྲོད་བསྟེན་ དེ་ལས་ འབྲུག་མི་ཚུའི་བཟའ་འཐུང་ལམ་སྲོལ་ཚུ་ཡོདཔ་ད་ ཨ་ལུ་ཚུ་གིས་ ཁོང་རའི་སྤྲོ་བ་དང་འཁྲིལ་ཏེ་ ལས་རིམ་ཚུ་ གདམ་ཁ་རྐྱབ་ཞིནམ་ལས་ སློབ་སྦྱོང་འབད་ནི་ཨིན་པས།
ན་གཞོན་གོང་འཕེལ་མ་དངུལ་གྱི་ ན་གཞོན་ཁས་བླངས་པ་ཚུ་དང་ ཐའེ་བོཡེས་ རང་ལུགས་རི་མོའི་སློབ་དཔོན་ སློབ་གྲྭའི་སློབ་དཔོན་ ཨ་ལུའི་ཕམ་ ལྷན་ཚོགས་ ཨང་རྒས་དང་ མི་རྒས་ཤོས་ཁས་བླངས་པ་ ན་གཞོན་གོང་འཕེལ་མ་དངུལ་གྱི་ ལས་རིམ་འགོ་དཔོན་ ནགས་ཚལ་ལས་ཁུངས་ཚུ་ནང་ལས་ ཁས་བླངས་པ་ཚུ་གིས་སྦེ་ སློབ་སྟོན་འབད་ནི་ཨིན་པས།
ལས་རིམ་འགོ་དཔོན་ལས་རོགསཔ་ ལྷམོ་བསྟན་འཛིན་གྱིས་སླབ་མིའི་ནང་ གནམ་བྱཱར་དང་ དགུན་གྱི་ངལ་གསོའི་སྐབས་ ན་གཞོན་དང་ ཨ་ལུ་ཚུ་གིས་ དོན་མེད་བཀྲ་ཉེས་དང་ རྩུབ་སྤྱོད་ཀྱི་ལཱ་ཚུ་ལུ་ སེམས་བག་གཡེང་ཤོར་ཏེ་ དུས་ཚོད་འཕྲོ་བརླག་གཏང་དོ་ཡོདཔ་ལས་ དེ་བཟུམ་གྱི་ལས་རིམ་ཚུ་ འགོ་འདྲེན་འཐབ་པ་ཅིན་ ན་གཞོན་དང་ ཨ་ལུ་ཚུའི་རྒྱུད་ལུ་ ཀུན་ཚང་ཤེས་ཡོན་དང་འབྲེལ་བའི་ ཤེས་ཡོན་གོང་འཕེལ་གཏང་ཚུགསཔ་མ་ཚད་ ན་གཞོན་དང་འབྲེལ་བའི་དཀའ་ངལ་དང་ རྩུབ་སྤྱོད་ཀྱི་བྱ་ངན་ཚུ་ཡང་ མར་ཕབ་འབད་ཚུགས་ཟེར་ཨིན་པས།
ཟླཝ་༡ གི་ལས་རིམ་དེ་ སྤྱི་ལོ་༢༠༡༣ ཟླཝ་དང་པའི་ཚེས་༤ ལུ་ མཇུག་བསྡུ་ནི་ཨིནམ་ད་ ན་གཞོན་དང་ སློབ་ཕྲུག་ཨ་ལོ་༤༠༠ ལྷགཔ་ཅིག་གིས་ བཅའ་མར་གཏོགས་དོ་ཡོདཔ་ཨིན་པས།
ལས་རིམ་དེ་ འགོ་བཙུགས་ཏེ་ ལོ་ངོ་༥ ལང་ཡོདཔ་ད་ ལས་རིམ་གྱི་མ་དངུལ་ཚུ་ ལོ་བསྟར་ཨ་ལུའི་གྱངས་ཁ་མང་ཉུང་དང་འཁྲིལ་ཏེ་གནསཔ་མས་ཟེར་ ན་གཞོན་གོང་འཕེལ་མ་དངུལ་གྱི་ འགོ་ཁྲིདཔ་ རོ་མ་པར་དཱན་གྱིས་ སླབ་ཨིན་པའི་གནས་ཚུལ།


 
ནོར་འཛིན་ལྷ་མོ།

No comments:

Post a Comment