གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འཐུང་ཆུའི་དཀའ་ངལ་ བསལ་ཚུགས་པའི་རེ་བ།

༡༡/༡༢/༢༠༡༢   ༉ གཞལམ་སྒང་ཁྲོམ་ཁར་ འཐུང་ཆུ་མེད་པའི་ དཀའ་ངལ་ཐོན་དགོ་པའི་ གནད་དོན་གཙོ་བོ་ཅིག་ རྫོང་ཁག་ནང་ ཆུ་དུང་བཅོ་མི་ ལངམ་སྦེ་མེད་མི་ལུ་བརྟེན་ཨིན་པས།


རྫོང་ཁག་བཟོ་རིག་འགོ་དཔོན་ ཀུན་ཏུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཧེ་མ་ གཞལམ་སྒང་རྫོང་ཁག་ནང་ ཆུ་དུང་བཅོ་མི་བསྡོམས་ ལས་བྱེདཔ་༣ ཡོདཔ་ཨིན་རུང་ ཤུལ་ལས་ ལཱ་ལེགས་ཤོམ་འབད་མ་བཏུབ་མི་ལུ་བརྟེན་ ལས་བྱེདཔ་མར་ཕབ་འབད་བའི་ཤུལ་ལུ་ ད་ལྟོ་ རྫོང་ཁག་ནང་ ཆུ་དུང་གི་ལཱ་འབད་མི་༡ ལས་བརྒལ་མེད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཆུ་ཤུགས་སྦེ་མེད་མི་ལུ་བརྟེན་ ཆུ་དུང་ལ་ལུ་ཅིག་ནང་ ཆུ་མ་འོང་པའི་དཀའ་ངལ་དང་ གནམ་དགུན་ གནམ་གཤིས་བསིལ་དྲགས་འབད་ནི་དེ་གིས་ ཆུ་དུང་ཚུ་ བཀག་འགྱོ་དོ་ཡོདཔ་ལས་ ཁྲོམ་ཁར་ ཆུ་མེད་པའི་དཀའ་ངལ་བྱུངམ་མས་ཟེར་ཨིནམ་ད་ ཆུ་དུང་གི་ལཱ་ག་ར་ མི་༡ གིས་འབད་དགོ་ནི་དེ་གིས་ ཆུའི་དཀའ་ངལ་ཐོནམ་ད་ ལཱ་ཁག་རྐྱབ་མས་ཟེར་ཨིན་པས།
ཆུ་དུང་བཅོ་མི་ པདྨ་ཚེ་དབང་གིས་ བཤད་མི་དང་འཁྲིལཝ་ད་ ཆུ་རྐའི་ཆུ་མཛོད་དེ་ ཁྲོམ་ཁ་ལས་ ཀི་ལོ་མི་ཊར་༣ དེ་ཅིག་གི་ས་ཁར་ འབད་ནི་དེ་གིས་ ཆུ་མཛོད་ནང་ལས་ ཆུ་བཏང་པར་འགྱོ་ནི་དང་ ཆུ་དུང་ རྦད་འགྱོ་མི་ཚུ་ བཅོ་ནི་ལུ་ ལཱ་ཁག་འདུག་ཟེར་ཨིནམ་ད་ ཁྲོམ་ཁར་ འཐུང་ཆུ་ལེགས་ཤོམ་སྦེ་ མ་འོང་མི་དེ་ ཆུ་དུང་ལ་ལུ་ཅིག་ནང་ ཆུ་ལེགས་ཤོམ་སྦེ་ འགྱོ་མི་བཏུབ་པས་ཟེར་ཨིན་པས།
ཨིན་རུང་ ཆུ་དུང་གསརཔ་བཙུགས་ནིའི་ལཱ་དེ་ འགོ་བཙུགས་པའི་བསྒང་ལས་ ད་ལྟོ་གནས་སྟངས་སྐྱོ་དྲགས་ནང་ཡོད་པའི་ དཀའ་ངལ་ཚུ་བསལ་ཚུགས་འོང་ཟེར་ པདྨ་གིས་སླབ་ཨིན་པས།
ད་ལྟོ་ གཞལམ་སྒང་ཁྲོམ་ཁར་སྡོད་མི་ཚུ་ ཉིན་བསྟར་བཞིན་དུ་ འཐུང་ཆུའི་དོན་ལུ་ ཆོས་འཁོར་མ་ཎི་ཟེར་ ཁྲོམ་ལས་ ཀི་ལོ་མི་ཊར་༥ འི་ས་གནས་ཁར་ ཆུ་དབོག་པ་འགྱོ་དོ་ཡོདཔ་ཨིན་པས།
རྫོང་ཁག་བཟོ་རིག་འགོ་དཔོན་གྱིས་འབད་བ་ཅིན་ ཁ་ཙ་ལས་འགོ་བཙུགས་ཏེ་ གནས་སྐབས་ཀྱི་ ཆུ་དུང་བཅོ་མི་ཅིག་བཙུགས་ཡོདཔ་ལས་ ཆུ་མ་ལང་པའི་དཀའ་ངལ་དེ་ ཉིནམ་༡ དང་༢ ཀྱི་ནང་འཁོད་ལུ་ར་ བསལ་ཚུགས་ཟེར་ བཤདཔ་ཨིན་པའི་གནས་ཚུལ།


ཡེ་ཤེས་སྒྲོལ་མ།

No comments:

Post a Comment