གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚལ་ལུའི་ནད་འབུབ་བཀག་ཐབས་ལུ་ རང་ལུགས་ཀྱི་ཐབས་ལམ་གསརཔ།

༥/༡༢/༢༠༡༢   ༉ ཁ་ཙ་ རྩི་རང་རྫོང་ཁག་ གྲུབ་ཆུ་སྒང་སྤྱི་འོག་གི་ ཚལ་ལུ་ལྡུམ་རའི་ཇོ་བདག་༣༠ དེ་ཅིག་གིས་ རང་སོའི་ཚལ་ལུའི་ལྡུམ་ར་ཚུ་ནང་ མ་འཚོཔ་ལས་ ས་ཁར་འབུད་སོང་མི་ ཚལ་ལུ་ཚུ་བསྡུ་བསྒྱོམས་འབད་དེ་ ཆུ་ཤོག་ཚུ་ནང་འདེགས་ཐོག་ལས་ ཚལ་ལུ་ཤིང་གི་ཞལ་ལག་གུ་ དཔྱངས་བཞག་ཡོདཔ་ཨིན།
སོ་ནམ་པ་ཚུ་གིས་ ཚལ་ལུའི་ནང་ན་ ནད་འབུབ་ཡོད་མེད་ལྟ་བའི་བསྒང་།
ས་ཁར་འབུད་མི་ཚལ་ལུ་ཚུ་ ཆུ་ཤོག་ནང་འདེགས་ཏེ་ ཤིང་གི་ཞལ་ལག་གུ་ དཔྱངས་བཞག་པའི་བསྒང་།


དེ་ཡང་ སྤྱི་འོག་དེ་ནང་ རྫོང་ཁག་སོ་ནམ་སྡེ་ཚན་གྱི་ ཚལ་ལུ་འཛུགས་སྐྱོང་འབད་མི་ཚུ་གིས་ རང་ལུགས་ཀྱི་ཐོག་ལས་ ཚལ་ལུའི་ནད་འབུབ་ཚུ་ བཀག་ཐབས་ཀྱི་དོན་ལུ་ གོ་བརྡའི་ལས་རིམ་ཅིག་ འགོ་འདྲེན་འཐབ་མི་དང་འབྲེལ་ ཐབས་ལམ་ མོ་བཏབ་ཀྱི་དོན་ལུ་ཨིན་པས།
འགོ་དཔོན་ཚུ་གིས་འབད་བ་ཅིན་ དེ་བཟུམ་མའི་ ཐབས་ལམ་བཏོན་དགོ་མི་དེ་ཡང་ ད་རེས་ནངས་པ་ རྒྱལ་ཁབ་ནང་ རྒྱ་ནག་གི་ཚལ་ལུའི་འབུབ་ཟེར་མི་ ནད་འབུབ་ཀྱིས་ ཚལ་ལུའི་ཐོན་སྐྱེད་ཚུ་ལུ་ གནོད་པ་སྦོམ་སྦེ་ར་ བྱུང་དོ་ཡོད་མི་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
རྩི་རང་རྫོང་ཁག་གི་ སོ་ནམ་འགོ་དཔོན་ པདྨ་ཆོས་འཕེལ་གྱིས་ སླབ་མིའི་ནང་ ཐབས་ལམ་དེ་ལུ་བརྟེན་ ཚལ་ལུ་ལུ་ གནོད་པ་རྐྱབ་མི་ ནད་འབུབ་ཚུ་ མར་ཕབ་འབད་དེ་ ཚལ་ལུའི་ཐོན་སྐྱེད་ཚུ་ ལོ་བསྟར་བཞིན་དུ་ ཡར་དྲག་གཏང་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ ས་ཁར་འབུད་མི་ཚལ་ལུ་ཚུ་ ལོ་༤ དེ་ཅིག་གི་རིང་ ཨ་རྟག་ར་ བསྡུ་བསྒྱོམས་འབད་ཚུགས་པ་ཅིན་ ཤུལ་ལས་ ནད་འབུབ་དེ་ རྩ་མེད་བཟོ་ཚུགས་ཟེར་ཨིན་པས།
པདྨ་ཆོས་འཕེལ་གྱིས་ གོ་བརྡའི་ལས་རིམ་གྱི་སྐབས་ སོ་ནམ་པ་ཚུ་ལུ་ སླབ་མིའི་ནང་ སྤྱི་ཟླ་༦ པའི་ ཟླ་ཕྱེད་དེ་ཅིག་ལུ་ ཚལ་ལུའི་སྦོམ་ཆུང་ མི་ལི་མི་ཊར་༡༢ དེ་རེ་འབད་སྡོད་པའི་སྐབས་ ནད་འབུབ་དེ་གིས་ ཚལ་ལུ་ཚུ་གུ་ སྒོང་རྡོག་འབུད་བཞག་དོ་ཡོདཔ་ད་ སྤྱི་ཟླ་༡༠ པ་ མཇུག་བསྡུ་ཁམས་ལས་ སྤྱི་ཟླ་༡༡ པའི་ཟླ་ཕྱེད་ཚུན་ འབུབ་ཚུ་སྦོམ་ཐལ་མི་དང་འབྲེལ་ ཚལ་ལུའི་ནང་ན་འཛུལ་ཏེ་ གནོད་སྐྱོན་རྐྱབ་དོ་ཡོདཔ་ལས་ ཚལ་ལུ་ཚུ་ འབུད་འགྱོཝ་ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཚལ་ལུ་ཚུ་ ས་ཁར་འབུད་འགྱོ་བའི་སྐབས་ ཚལ་ལུའི་ནང་ན་ཡོད་པའི་ ནད་འབུབ་ཚུ་ཡང་གཅིག་ཁར་ འབུད་འགྱོ་དོ་ཡོདཔ་ད་ ཉིན་གྲངས་༡༨ དེ་ཅིག་གི་རྒྱབ་ལས་ འབུབ་ཚུ་ཐོན་ཏེ་ ས་ནང་འཛུལ་སྡོདཔ་ཨིན་ཟེར་སླབ་ཅི།
ཨིན་རུང་ ཟླཝ་༦ དེ་ཅིག་གི་རྒྱབ་ལས་ འབུབ་ཚུ་ ད་རུང་སྦོམ་ཐལ་ཏེ་ ལོག་ཚལ་ལུ་ཤིང་ཚུ་གུ་ འཛེགས་ཐོག་ལས་ གནོད་སྐྱོན་རྐྱབ་དོ་ཡོདཔ་ལས་ ས་ཁར་འབུད་མི་ཚལ་ལུ་ཚུ་ བསྡུ་བསྒྱོམས་འབད་དེ་ ཆུ་ཤོག་ནང་བསྡམ་བཞག་དགོ་མི་དེ་ དེ་ལུ་བརྟེན་ཏེ་ཨིན་ཟེར་ པདྨ་ཆོས་འཕེལ་གྱིས་སླབ་ཅི།
རྫོང་ཁག་སོ་ནམ་འགོ་དཔོན་གྱིས་ སླབ་མིའི་ནང་ ད་རེས་ ས་ཁར་འབུད་མི་ཚལ་ལུ་ཚུ་བསྡུ་སྟེ་ ཆུ་ཤོག་ནང་བཙུགས་ཐོག་ལས་ ཤིང་གུ་དཔྱང་བཞག་དགོ་མི་དེ་ཡང་ མི་སེར་ཚུ་ལུ་ ནད་འབུབ་ག་བཟུམ་ར་འདུག་ག་ གོ་བརྡ་སྤྲོད་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
ཨིན་རུང་ ཤུལ་ལས་འབད་བ་ཅིན་ རང་སོའི་ཚལ་ལུའི་ལྡུམ་ར་ཚུ་གི་ ཉེ་འདབས་ལུ་ ས་དོང་བརྐོ་ཞིནམ་ལས་ དེ་ནང་ ས་ཁར་འབུད་མི་ ཚལ་ལུ་ཚུ་བླུགས་ཏེ་ ཐོག་ཁ་ལས་ སྟུག་ཚད་ཕིཊི་རེ་ ས་གིས་ཨེབ་བཞག་དགོཔ་ད་ དེ་གིས་ འབུབ་ཚུ་ རྩ་མེད་བཟོ་ ཚུགས་ཟེར་ཨིན་པས།
མ་གཞི་ འབུབ་དེ་ཚུ་ རྩ་མེད་བཟོ་ནིའི་དོན་ལུ་ གཞན་ཡང་ སྨན་རྫས་ལེ་ཤ་ཅིག་ར་ སྟོར་ནི་ཡོདཔ་ཨིན་རུང་ ད་རེས་ དེ་བཟུམ་མའི་ཐབས་ལམ་ བཏོན་དགོ་མི་དེ་ཡང་ རང་ལུགས་ཀྱི་ཐབས་ལམ་ཐོག་ལས་ ཚལ་ལུའི་ཐོན་སྐྱེད་ཚུ་ གོང་འཕེལ་གཏང་ནི་ལུ་ དམིགས་ཏེ་ཨིན་ཟེར་ འགོ་དཔོན་ཚུ་གིས་སླབ་ཅི།
སོ་ནམ་འགོ་དཔོན་གྱིས་ སླབ་མིའི་ནང་ འབྲུག་ལུ་ དེ་བཟུམ་མའི་ཐབས་ལམ་དེ་ གསརཔ་ཅིག་ཨིན་རུང་ དེ་གིས་ ཚལ་ལུའི་ཐོན་སྐྱེད་ ཡར་དྲག་གཏང་ནི་དང་ སྤུས་ཚད་ལེགས་ཤོམ་བཟོ་ནི་ལུ་ ཕན་ཁྱད་ཡོད་ཟེར་ཨིན་པས།
རྒྱ་ནག་གི་ ཚལ་ལུའི་འབུབ་ཟེར་མི་ ནད་འབུབ་དེ་གིས་ སྤྱི་ལོ་༡༩༨༠ དེ་ཅིག་ལུ་ རྒྱ་ནག་ལུ་ ཚལ་ལུའི་ཐོན་སྐྱེད་ འབོར་ཆེ་ཏོག་ཏོ་སྦེ་མེདཔ་བཏང་པའི་ཤུལ་ལུ་ ཚལ་ལུ་དང་འབྲེལ་བའི་ བཟོ་གྲྭ་འཕྲུལ་ཁང་ལེ་ཤ་ཅིག་ སྒོ་བསྡམས་དགོཔ་ ཐོན་ཡོདཔ་ཨིན་པའི་གནས་ཚུལ།

རྩི་རང་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment