གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སློབ་ཕྲུག་བརྡུང་རྫོབ་ལུ་བརྟེན་ སློབ་དཔོན་དང་ རྩོད་རྙོགས་ཐོན་ཡོདཔ།

༡༥/༡༢/༢༠༡༢   ༉ ཀྲོང་གསར་ཤེས་རབ་གླིང་ འབྲིང་རིམ་སློབ་གྲྭ་གོང་མའི་ སློབ་རིམ་༡༠ པའི་སློབ་ཕྲུག་ཅིག་ལུ་ སློབ་དཔོན་གྱིས་ བརྡུང་རྫོབ་ཀྱི་ཉེས་ཁྲིམས་བཀལ་མི་ལུ་ བཟོད་མ་ཚུགས་པའི་སྐོར་ལས་ ཀྲོང་གསར་ཁྲིམས་སྲུང་འགག་པ་ལུ་ ཉོགས་བཤད་སྙན་ཞུ་འབད་ཡོདཔ་ཨིན་པས།


ཀྲོང་གསར་རྡོ་རྗེ་དགོན་པ་ལས་ཨིན་མི་ སློབ་ཕྲུག་གི་ཨའི་གིས་ སྤྱི་ཟླ་༡༢ པའི་ཚེས་༨ ལུ་ ཤེས་རབ་གླིང་འབྲིང་རིམ་སློབ་གྲྭ་གོང་མའི་ སློབ་དཔོན་༢ ཀྱིས་ མོ་གི་བུཚ་དེ་ བརྡུང་རྫོབ་འབད་ནུག་ཟེར་ ཁྲིམས་སྲུང་འགག་པ་ལུ་ ཞུ་ནུག།
སློབ་ཕྲུག་དེ་ སྤྱི་ཟླ་༡༢ པའི་ཚེས་༩ ལུ་ སྨན་ཁང་ནང་བཞག་ཐོག་ལས་ ཆོས་རྒྱུགས་རྐྱབ་པའི་ཁར་ སྤྱི་ཟླ་༡༢ པའི་ཚེས་༡༣ ལུ་ སྨན་ཁང་ནང་ལས་བཏང་ཡོདཔ་ཨིན་པས།
གསོ་བའི་འགོ་དཔོན་གྱིས་འབད་བ་ཅིན་ སྐྱེས་ལོ་༡༩ ལང་མི་བུཚ་དེ་གིས་ གཟུགས་ན་བའི་སྐོར་ལས་སླབ་པའི་ཤུལ་ལུ་ ན་ཟུག་མ་རྐྱབ་ནི་གི་ སྨན་བྱིན་ཏེ་བཞག་ཅི་ཟེར་ཨིན་པས།
སློབ་ཕྲུག་གི་ ཨའི་གིས་འབད་བ་ཅིན་ རྐྱེན་ངན་དེ་ལུ་བརྟེན་ཏེ་ མོ་གི་བུཚ་གིས་ བཀོད་ཚོགས་ཆོས་རྒྱུགས་ཡང་ ལེགས་ཤོམ་སྦེ་རྐྱབ་མ་ཚུགས་ཟེར་ སླབ་ཨིན་པས།
སློབ་གྲྭའི་དབང་འཛིན་གྱིས་འབད་བ་ཅིན་ རྐྱེན་ངན་དེ་ སྤྱི་ཟླ་༡༢ པའི་ཚེས་༨ ལུ་བྱུང་ཡོདཔ་ད་ དེ་ཡང་ སྤྱི་ཟླ་༡༢ པའི་ཚེས་༧ གྱི་ཕྱི་རུ་ སློབ་ཁང་ནང་ འཛུལ་མི་ལུ་བརྟེན་ སློབ་དཔོན་འབད་སར་ ཉི་མའི་ཆུ་ཚོད་༣:༣༠ ལུ་ ཤོག་ཟེར་སླབ་རུང་ ཁོ་གིས་ འོང་མ་བཏུབ་ནི་དེ་གིས་ རྐྱེན་ངན་དེ་བྱུང་ནུག་ཟེར་ཨིན་པས།
ཤོག་ཟེར་འབོ་པའི་སྐབས་ལུ་ སློབ་ཕྲུག་དེ་གིས་ འོང་མ་བཏུབ་མ་ཚད་ སློབ་དཔོན་ལུ་ བཟོད་གསོལ་ཡང་ ཞུ་མ་བཏུབ་མི་ལུ་བརྟེན་ སློབ་དཔོན་གྱིས་ དྲང་ནུག་ཟེར་ སློབ་གྲྭའི་དབུ་འཛིན་འོགམ་ ཨོ་རྒྱན་གྱིས་བཤད་པའི་ཁར་ སློབ་ཕྲུག་འདི་གིས་ སློབ་དཔོན་འཕུལ་བཀོག་བའི་སྐབས་ གཞན་མི་སློབ་དཔོན་༡ བར་ན་འཛུལ་ཞིནམ་ལས་ འཐབ་འཛིང་འབད་ནི་ལས་ བཀག་ཐབས་འབད་འབདཝ་ཨིན་མས།
སློབ་དཔོན་གྱིས་འབད་བ་ཅིན་ སློབ་ཕྲུག་ཚུ་ལུ་ སློབ་ཁང་ནང་ འཛུལ་མ་ཆོག་པའི་སྐོར་ལས་སླབ་ཡོད་རུང་ ད་རུང་ སྤྱི་ཟླ་༡༢ པའི་ཚེས་༧ ལུ་ སློབ་ཕྲུག་དེ་གིས་ ནང་ན་འཛུལ་འོང་ནུག་ཟེར་ཨིན་པས།
དབུ་འཛིན་འོགམ་ཨོ་རྒྱན་གྱིས་འབད་བ་ཅིན་ སློབ་ཕྲུག་བུཚ་དེ་ སློབ་ཁང་ནང་འཛུལཝ་ད་ སློབ་དཔོན་གྱིས་ ཤེས་ཡོདཔ་ལས་ དེ་བསྒང་ ཁོ་འབད་སར་ཤོག་ཟེར་སླབ་མ་གཏོགས་ གཞན་ག་ཅི་ཡང་མ་སླབ་པས་ ཟེར་ཨིན་པས།
སློབ་དཔོན་ཚུ་གིས་འབད་བ་ཅིན་ སློབ་ཕྲུག་ཨ་ལུ་འདི་ སྒལ་ཏོའི་ན་ཟུག་ཡོད་པའི་སྐོར་ལས་ ཉོགས་བཤད་བཀོད་པའི་ཤུལ་ལུ་ ལོ་ཧེ་མམ་ནང་ལུ་ཡང་ བཀོད་ཚོགས་ཆོས་རྒྱུགས་རྐྱབ་མ་ཚུགསཔ་ལས་ སློབ་གྲྭའི་ དྲོ་པའི་མཐུན་བཏང་ནི་དང་ ལཱ་ཚུ་ཡང་ འབད་མ་དགོཔ་སྦེ་ བཞག་ཡོད་ཟེར་ཨིན་པས།
དབུ་འཛིན་འོགམ་གིས་འབད་བ་ཅིན་ སློབ་གྲྭའི་ཁ་ཐུག་ལས་ ཁོ་ལུ་བརྩི་མཐོང་འབད་བའི་ཤུལ་ལུ་ ཕམ་གྱིས་ དེ་སྦེ་འབད་འོང་ཟེར་བའི་ རེ་བ་མ་བསྐྱེད་ཟེར་ཨིནམ་ད་ སློབ་གྲྭའི་དབང་འཛིན་གྱིས་ ཕམ་ཚུ་ལུ་ ཁྲིམས་སྲུང་འགག་པ་ནང་ལས་ ཉོགས་བཤད་ཡི་གུ་ཕྱིར་བཏོན་འབད་དེ་ ནང་སྒྲིག་འབད་གེ་ཟེར་ གསོལ་འདེབས་འབད་ཡི་ཟེར་ཨིན་པས།
སློབ་དཔོན་ཚུ་ ཀྲོང་གསར་ལུ་སློབ་སྟོན་འབད་དེ་ ལོ་ངོ་༡༡ དེ་ཅིག་ལང་ཡོདཔ་ལས་ རྐྱེན་ངན་དེ་གིས་ སློབ་ཕྲུག་རྐྱངམ་གཅིག་ལུ་མེན་པར་ སློབ་དཔོན་ཚུ་ལུ་ཡང་ གནོད་པ་བྱུང་ནུག་ཟེར་ཨིན་པས།
ཀྲོང་གསར་གྱི་ ཁྲིམས་སྲུང་འགག་པ་ཚུ་གིས་འབད་བ་ཅིན་ སྤྱི་ཟླ་༡༢ པའི་ཚེས་༨ ལུ་ ཉོགས་བཤད་ལྷོད་པའི་ཤུལ་ལུ་ སློབ་དཔོན་དང་ སློབ་ཕྲུག་༢ ཆ་ར་འབོ་ཞིནམ་ལས་ དྲི་བཀོད་འབད་བའི་ཤུལ་ལུ་ སློབ་ཕྲུག་བུཚ་དེ་ ལོག་ཉལ་ཁང་ནང་ སོང་ཡི་ཟེར་ཨིན་པས།
སློབ་ཕྲུག་བུཚ་དེ་ ནངས་པ་དྲོ་པ་སྨན་ཁང་ནང་ བསྐྱལ་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པའི་འགོ་དཔོན་གྱིས་འབད་བ་ཅིན་ ག་དེམ་ཅིག་སྦེ་ སློབ་དཔོན་ཚུ་ དོ་དམ་འོག་ལུ་བཞག་དགོཔ་འདྲཝ་ཅིག་འབད་བ་ཅིན་ སློབ་ཕྲུག་བུཚ་དེ་ཡང་ དོ་དམ་འོག་ལུ་བཞག་དགོཔ་ལས་ ཁོ་བཀོད་ཚོགས་ཀྱི་ ཆོས་རྒྱུགས་རྐྱབ་དགོ་པས་ཟེར་མནོ་སྟེ་ ཡངས་ཆག་འབད་ཡི་ཟེར་ཨིན་པའི་གནས་ཚུལ།


 
རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment