གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་ཡོངས་དུས་ཆེན་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་གནང་མི་གསུང་བཤད།

༡༨/༡༢/༢༠༡༢   ༉ དུས་ཅི་གི་ རྒྱལ་ཡོངས་དུས་ཆེན་ཐེངས་༡༠༥ པ་དེ་ གཞན་དང་མ་འདྲཝ་ཅིག་ཨིན་པའི་ཁར་ ག་ནི་བ་ གལ་ཆེ་དྲགས་ཅིག་ཨིན།
དེ་ཡང་ སྤྱི་༡༩༠༧ ལུ་ མི་མང་གིས་ སྨོན་ལམ་བཏབ་སྟེ་ དབང་ཚད་ཚུ་ འབྲུག་རྒྱལ་དང་པ་ གོང་ས་ཨོ་རྒྱན་དབང་ཕྱུག་ལུ་ རྩིས་ཕུལ་མི་ལས་འགོ་བཙུགས་ཏེ་ རྒྱལཔོ་རིམ་བྱོན་ཚུ་གིས་ རྒྱལ་ཁབ་དང་ མི་སེར་གྱི་མཐའ་དོན་ལུ་ གཙོ་བོར་བཏོན་ཐོག་ལས་ ཕྱག་ལཱ་ཚུ་ ག་དེ་དྲག་དྲག་གནང་སྟེ་ ལོ་ངོ་༡༠༠ གི་ཤུལ་ལས་ མི་དབང་ཡབ་སྲས་༢ ཀྱིས་ སྨོན་ལམ་བཏབ་སྟེ་ རྟགས་དང་རྟེན་འབྲེལ་གྱི་ཐོག་ལས་ དབང་ཚད་ཚུ་ ངལ་རངས་ཏོག་ཏོ་སྦེ་ ལོག་མི་སེར་ཚུ་ལུ་ སྤྲོད་གནང་ཡི།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱལ་ཡོངས་དུས་ཆེན་ནང་ མི་མང་ལུ་ གསུང་བཤད་གནང་པའི་བསྒང་།


དམངས་གཙོའི་རྩ་ཁྲིམས་ཅན་གྱི་ རྒྱལ་བརྒྱུད་ཀྱི་ རིང་ལུགས་འགོ་བཙུགས་ཏེ་ ད་ལས་ཕར་ དུས་ཨ་རྟག་ར་ དམངས་གཙོའི་ལམ་ལུགས་ལུ་བརྟེན་ རྒྱལ་ཁབ་དང་ མི་སེར་ལུ་ ཕན་ཐོགསཔ་སྦེ་ བཞག་ནིའི་དོན་ལུ་ ཕྱག་ལཱ་རྣམ་པ་སྣ་ཚོགས་ མཛད་པའི་གུ་ལུ་ སྤྱི་ཚོགས་དང་པ་དེ་ གཞི་བཙུགས་གནང་ཡི།
རྩ་ཁྲིམས་ཆེན་མོ་ ཆ་འཇོག་མཛད་དེ་ འཆར་གཞི་གོང་འཕེལ་གྱི་ཕྱག་ལཱ་ འཆར་གཞི་༡༠ པ་དེ་ རིམ་པ་བཞིན་དུ་མཛད་དེ་ ད་རེས་འབད་བའི་བསྒང་ལས་ ལོ་༥ འི་ འཆར་གཞི་དེ་ཡང་ཚང་དོ།
ང་བཅས་རའི་རྒྱལ་ཁབ་ནང་ མི་སེར་ཚུ་གིས་ ག་ནི་བ་ འགན་ཁག་སྦོམ་འབག་དགོ་པའི་ དུས་ཚོད་ཁར་ལྷོད་ཡོདཔ་ཨིན་རུང་ རྒྱལཔོ་ཡབ་སྲས་༢ སྒྲིང་སྒྲིང་སྦེ་ བཞུགས་ཡོད་མི་ལུ་བརྟེན་ མི་སེར་ཚུ་གིས་ཡང་ རང་གི་རྒྱལ་ཁབ་ལུ་ ག་ནི་བ་ ཤ་ཚ་ཏོག་ཏོ་སྦེ་ ཕྱག་ཞུ་ཤེས་མི་ལུ་བརྟེན་ ད་ལས་ཕར་ རྒྱལ་ཁབ་ཀྱི་ཕྱག་ལཱ་ ག་ཅི་ར་མཛད་རུང་ ལེགས་ཤོམ་འགྱོ་འོང་།
རྒྱལ་རབས་ནང་ཚུད་པའི་ དམངས་གཙོའི་ལམ་ལུགས་གསརཔ་དེ་ཡང་ ན་ཧིང་ཞེ་ཧིང་ འགོ་བཙུགས་གནངམ་ད་ ང་བཅས་ར་ མི་སེར་གྱིས་སྦེ་ར་ གན་ཁག་ཧྲིལ་བུམ་འབག་སྟེ་ རང་ར་སོ་སོའི་ ཚོར་སྣང་གི་ཐོག་ལས་ ག་དེ་དྲག་དྲག་ རྩ་འགེངས་ཏེ་ འཐུས་ཤོར་མེད་པ་ ཕྱག་ཞུ་ཡོདཔ་མ་ཚད་ བྱུང་བ་བཞི་གི་ རྐྱེན་ངན་ཐོནམ་ད་ཡང་ ང་བཅས་ར་མི་སེར་ གཅིག་གཅིག་གིས་ ཚ་གྱང་ལང་ཤེས་དོ་ཡོདཔ་ད་ དཔེ་འབད་བ་ཅིན་ དབང་འདུས་ཕོ་བྲང་རྫོང་ མེ་མཆོད་བཞེསཔ་ད་ མི་སེར་ཆེ་འབྲིང་ཆུང་༣ གྱིས་ ཕངས་སེམས་མེད་པར་ ག་དེ་དྲག་དྲག་ རྩ་འགེངས་ཏེ་ ཞལ་འདེབས་ཕུལ་ས་མཐོངམ་ད་ ང་ར་ཡང་ཡིད་ཆེས་ཡི་།
རྒྱལ་ཁབ་གཞན་ཁ་ལས་ཕར་ལྟ་བ་ཅིན་ མི་ནང་དོག་སྟབས་མ་བདེཝ་ཐོནམ་ད་ འབད་ས་བཅའ་ས་ ག་ནི་ཡང་མ་མཐོང་པར་ མཐའན་མཇུག་ལུ་ བུང་འགམ་ སེམས་ཤི་ ཙིགཔ་ཟ་ནི་ འགོ་བཙུགས་པའི་བསྒང་ལས་ རང་གི་སྟབས་མ་བདེཝ་བསལ་ནི་ཅིག་ཡོད་པ་ཅིན་  རྒྱལ་ཁབ་མེདཔ་གཏང་རུང་ ཁྱད་མེདཔ་སྦེ་ མནོ་མི་ཡང་འདུག།
ང་བཅས་ར་ མི་སེར་ཚུ་གིས་ཡང་ རང་དོན་རྐྱངམ་གཅིག་ལུ་མ་ལྟ་བར་ ཕན་སེམས་བསྐྱེད་དེ་ སྤྱིར་བཏང་གི་མཐའ་དོན་དང་ རྒྱལ་ཁབ་ལུ་ཡང་ ཤ་ཚ་ཏོག་ཏོ་སྦེ་ ཕྱག་ཞུ་ཤེསཔ་ལས་བརྟེན་ ང་རའི་ཁ་ཐུག་ལས་ དུས་ཅི་གི་ རྒྱལ་དབང་དུས་ཆེན་ལུ་ ངལ་རངས་དང་གཅིག་ཁར་ ཧིང་ལས་ར་ བཀའ་དྲིན་དགའ་ཚོར་ཡོད།
ཨིན་རུང་ ད་ལས་ཕར་ཡང་ ཕྱག་ལཱ་ཁག་ཆེ་ཏོག་ཏོ་ ལེ་ཤ་ཅིག་ར་ འབད་དགོཔ་འདུག། འདི་ང་བཅས་ཀྱིས་བརྗེད་ནི་མི་འོང། དམངས་གཙོའི་ལམ་ལུགས་དེ་ཡང་ རྟགས་དང་ རྟེན་འབྲེལ་གྱི་ཐོག་ལས་སྦེ་འགོ་བཙུགས་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ སྟབས་མ་བདེཝ་ཡང་མ་ཐོན་ གྲུབ་འབྲས་ཚུ་ རང་གི་རེ་བ་ལས་ལྷག་སྟེ་ གནམ་མེད་ས་མེད་ ལེགས་ཤོམ་སྦེ་ཐོན་ཡི།
མི་སྡེའི་དཔལ་འབྱོར་གོང་འཕེལ་གྱི་ ཕྱག་ལཱ་ལས་བརྟེན་ གྲུབ་འབྲས་སྦོམ་ཤོས་ཅིག་ ང་བཅས་རའི་རྒྱལ་ཁབ་སྒྲིང་སྒྲིང་བཟོ་བའི་ཁར་ མི་སེར་ཚུ་འབད་རུང་ ཧེ་མ་དང་ཕྱདཔ་ད་ ཡར་རྒྱས་སོང་ཡོད་རུང་ རྒྱལ་ཁབ་ནང་ མི་སེར་ཉམ་ཆུང་ཡང་ ལེ་ཤ་ཡོདཔ་ལས་བརྟེན་ ད་ལས་ཕར་ མི་སེར་ཉམ་ཆུང་ཚུ་ ག་དེ་དྲག་དྲག་ ཡར་འཐེན་ནི་དེ་ཁག་ཆེ།
གཞུང་ཞབས་ཀྱི་བཀའ་དྲིན་ལས་སྦེ་ ཨ་ལུ་ཚུ་གི་དོན་ལུ་ ཆོས་ཡོན་ཏན་གྱི་གོ་སྐབས་དེ་ཡང་ ཁྱབ་ཆེ་ཏོག་ཏོ་སྦེ་ མཛད་གནང་ཡོད་རུང་ དུས་དང་བསྟུནམ་ད་ ཡོན་ཏན་དང་བསྟུན་པའི་འགན་ཁག་ཚུ་ཡང་ ག་དེ་དྲག་དྲག་ འཐོབ་ཚུགསཔ་བཟོ་དགོ།
ད་རེས་ནངས་པ་ རུ་པི་མ་ལང་པའི་དཀའ་ངལ་ཡང་ སྦོམ་སྦེ་ར་ཐོན་མི་ལུ་ ལྟ་བ་ཅིན་ དུས་དང་བསྟུན་ ང་བཅས་རའི་རྒྱལ་ཁབ་ནང་ མི་སེར་ཚུ་གིས་ མནོ་བསམ་རྒྱ་ཆེ་ས་ལས་བཏང་སྟེ་ རང་གི་རྒྱལ་ཁབ་ལུ་ སྔར་བ་ལྷགཔ་སྦེ་ ཕྱག་ཞུ་དགོ་པའི་དུས་ཚོད་ཅིག་ནང་ ལྷོད་ཡོད་པའི་ རྟགས་མཚན་དང་ དྲན་གསོ་ཁག་ཆེ་ཏོག་ཏོ་ཅིག་ཨིན་པས།
ད་ལས་ཕར་ རྒྱལ་ཁབ་ནང་ སྟབས་མ་བདེཝ་ནམ་འཐོན་འོང་ག་དང་ ག་དེ་སྦེ་འཐོན་འོང་ག་ ག་ཏེ་ལས་འཐོན་འོང་ག་  གལ་སྲིད་འཐོན་པ་ཅིན་ སྦོམ་ཆུང་ག་དེམ་ཅིག་ཐོན་འོང་ག་ དེ་ལས་ མ་འོངས་པ་ལུ་ སྟབས་མ་བདེཝ་འཐོན་པ་ཅིན་ ང་བཅས་ཀྱིས་ གདོང་ལེན་ག་དེ་སྦེ་ འབད་ཚུགས་ག་ སླབ་མི་ཤེས་ནི་ཨིནམ་ལས་ དེ་གི་འགན་ཁུར་ཚུ་ ང་བཅས་ར་ མི་སེར་ཚུ་ལུ་ འདྲན་འདྲ་སྦེ་ཕོགཔ་ཨིན།
ད་ལྟོ་ འཕྲལ་གྱི་ཉེན་ཁ་སྦོམ་ཤོས་དེ་ སྤྱི་ལོ་༢༠༡༣ གྱི་ བཙག་འཐུ་དེ་ཨིནམ་ལས་ འདས་པའི་ལོ་༤ དང་ ཕྱེད་ཀྱི་རིང་ ང་བཅས་ར་ ཕྱག་ལཱ་མཛད་པའི་སྐབས་ རྐྱེན་བར་ཆད་ཚུ་ ག་ནི་ཡང་མ་ཐོན་པར་ ལེགས་ཤོམ་སྦེ་སོང་ཡོདཔ་ད་ སྦྱང་བ་ཡང ལེགས་ཤོམ་སྦེ་ཐོབ་ཅི། སྦྱང་བ་ཐོབ་པའི་བསྒང་ལས་ རང་བཞིན་གྱིས་ དམངས་གཙོའི་ལམ་ལུགས་ཀྱི་ གཞི་འགྱམ་ངོ་མ་ཨིན་མི་ ཉམས་མྱོང་ཚུད་འགྱོ་འོང་།
དམངས་གཙོའི་ལམ་ལུགས་དེ་ གྲུབ་འབྲས་ མ་ད་སྤུ་ལས་ར་མེནམ་ད་ གྲུབ་འབྲས་ངོ་མ་དེ་ དམངས་གཙོའི་ལམ་ལུགས་ལུ་བརྟེན་ རྒྱབ་ཁབ་ཀྱི་ རང་དབང་རང་བཙན་དང་ སྲུང་སྐྱོབ་སྒྲིང་སྒྲིང་བཟོ་བའི་ཁར་ གཞི་བདེ་དང་ སྤྱི་མཐུན་དེ་ བརྟན་ཏོག་ཏོ་བཟོ་ཚུགས་མི་འདི་ཨིན།
ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་ དབང་དུ་འདུས་པའི་ ཆོས་སྲིད་གཉིས་ལྡན་གྱི་ དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ཟེར་ གཞི་འགྱམ་ཚུ་ སྒྲིང་སྒྲིང་སྦེ་ བཙུགས་གནང་པའི་གུ་ འབྲུག་སྡེ་སྲིད་ཁྲི་རབས་དང་པ་ལས་༥༤ ཚུན་ཚོད་འབད་མི་ཚུ་གིས་ རྒྱལ་ཁབ་བདག་འཛིན་འཐབ་ དེ་གི་ཤུལ་ལས་ ལུང་བསྟན་དང་འཁྲིལ་ དབང་ཕྱུག་བརྒྱུད་འཛིན་གྱི་ རྒྱལ་པོ་རིམ་བྱོན་ཚུ་གིས་ རྒྱལ་ཁབ་དང་ མི་སེར་ཚུ་གི་མཐའ་དོན་ལུ་ གཙོ་བོར་བཏོན་ཐོག་ལས་ ཕྱག་ལཱ་ཚུ་ ལེགས་ཤོམ་སྦེ་མཛད་དེ་ དཔལ་ལྡན་འབྲུག་པའི་རྒྱལ་ཁབ་འདི་ འཛམ་བུ་གླིང་གི་ ནོརབུ་བཟུམ་སྦེ་ ང་བཅས་ར་ མི་སེར་ཚུ་གི་ལག་པར་ རྩིས་སྤྲོད་གནང་ཡི།
ད་ལྟོ་ཚུན་ཚོད་ཀྱི་བར་ན་ རྒྱལ་ཁབ་ཀྱི་ཕྱག་ལཱ་ཚུ་གནངམ་ད་ ག་ར་གནམ་མེད་ས་མེད་ ལེགས་ཤོམ་སྦེ་ འགྱོ་དགོ་མིའི་ དོན་དག་ངོ་མ་དེ་ར་ རྒྱལ་ཁབ་ནང་ ང་བཅས་ར་མི་སེར་ཚུ་ དུས་ཨ་རྟག་ར་ ཁྱིམ་ཅིག་ནང་གི་ བཟའ་ཚང་བཟུམ་སྦེ་ འཆམ་ཏོག་ཏོ་སྦེ་ སྡོད་ཤེས་ནི་དེ་གིས་ཨིན།
ད་ལས་ཕར་ གནམ་ལོ་༢༠༡༣ ལུ་ བཙག་འཐུ་འགོ་འདྲེན་འཐབ་ད་ལུ་ ག་ནི་བ་ཁག་ཆེ་བའི་ གན་ཁག་འབག་དགོཔ་ཡོདཔ་ད་ དེ་གི་སྐབས་ མི་རིགས་དང་ ཆོས་ལུགས་ དེ་ལས་ ལུང་ཕྱོགས་ཀྱི་ དབྱེ་བ་མ་ཕྱེ་བར་ མི་སེར་ཚུ་གིས་ འཆམ་ཏོག་ཏོ་སྦེ་ ཕྱག་ཞུ་ནི་དེ་ཁག་ཆེ།
གནམ་ལོ་༢༠༠༨ ལུ་ཡང་ མི་སེར་བརྒྱ་ཆ་༨༠ དེ་ཅིག་གིས་ ངལ་རངས་ཏོག་ཏོ་སྦེ་ ཚོགས་རྒྱན་བཙུགས་ནིའི་ནང་ བཅའ་མར་གཏོགས་ཡོདཔ་ལས་ ང་བཅས་ར་གིས་མ་ཚད་ རོགས་རྒྱལ་ཁབ་ ལེ་ཤ་ཅིག་གི་མི་སེར་ཚུ་གིས་ འབྲུག་ལུ་ ཕྱག་ལཱ་མཛད་ཐངས་ལུ་ལྟ་སྟེ་ ཡིད་ཆེས་ཏེ་འདུག། ཚོགས་རྒྱན་བཙུགས་ནིའི་ གོ་སྐབས་དེ་ ལོ་༥ རེའི་ནང་ ཚར་རེ་ལས་བརྒལ་ མི་ཐོབ་ནི་ཨིན་པའི་ཁར་ རྒྱལ་ཁབ་ལུ་ ཕན་ཐོགས་པའི་ ལཱ་ཅིག་འབད་ནི་དེ་གིས་ གོ་སྐབས་དེ་ འཕྲོ་བརླག་མ་གཏང་པར་ སང་ཕོད་ཀྱི་བཙག་འཐུ་ནང་ཡང་ ཚོགས་རྒྱན་བཙུགས་པར་ འཐོན་དགོ།
ཚོགས་རྒྱན་བཙུགས་ནི་དེ་ རྒྱལ་ཁབ་ལུ་ ཕན་ཐོགས་པའི་ ཕྱག་ལཱ་འབདཝ་ལས་བརྟེན་ གན་ཁག་དེ་ ཧྲིལ་བུམ་སྦེ་ མི་སེར་གྱིས་ར་འབག་དགོ།
ཨིན་རུང་ ད་ལས་ཕར་ དཀོན་མཆོག་གསུམ་གྱི་ ཐུགས་རྗེ་བྱིན་རླབས་དང་ ཆོས་སྐྱོང་སྲུང་མ་ཚུ་གི་རྒྱབ་སྐྱོར་ རྒྱལཔོ་རིམ་བྱོན་ཚུ་གི་ སྐུ་བསོད་དབང་ཐང་དང་ ང་བཅས་ར་མི་སེར་ཚུ་གི་ བསོད་ནམས་ལུ་བརྟེན་ རྒྱལ་ཁབ་ཀྱི་ཕྱག་ལཱ་ ཁག་ཆེ་ཏོག་ཏོ་ ག་ཅི་ར་མཛད་རུང་ རྐྱེན་དང་བར་ཆད་དང་ སྟབས་མ་བདཝ་ག་ཅི་ཡང་ མ་ཐོན་པར་ གནམ་མེད་ས་མེད་ ལེགས་ཤོམ་སྦེ་འགྱོ་འོང།
ང་རའི་ ཐད་ལུ་ལྷོདཔ་ད་ ང་རའི་ཡབ་ཀྱིས་ འདས་པའི་ལོ་༣༤ གི་ཧེ་མ་ལས་ འགོ་བཙུགས་གནང་མི་ཕྱག་ལཱ་ཚུ་ འཕྲོ་མཐུད་དེ་འབད་ནི་དང་ ང་ར་ རྒྱལཔོ་སྦེ་ སྡོད་པའི་རིང་ལུ་ དམངས་གཙོའི་རིང་ལུགས་ཀྱི་ གཞི་འགྱམ་སྒྲིང་སྒྲིང་བཙུགས་ནིའི་དོན་ལུ་ ལཱ་ཚུ་ རྩ་འགེངས་ཏེ་ འབད་ནི་ཨིན།
གོང་གི་དོན་ཚན་ཚུ་ལུ་ གཞི་བཞག་སྟེ་ ང་ར་གིས་ ལྟ་བ་ཅིན་ གསེར་ཁྲི་དེ་ རྒྱུ་ནོར་དང་ དབང་ཚད་ དེ་ལས་ མིང་གཏམ་གྱི་དོན་ལུ་མེ་པར་ རྒྱལ་ཁབ་ནང་ མི་སེར་གྱི་དོན་ལུ་ ཕྱག་ཞུ་སའི་ གནམ་བསྐོས་ཀྱི་ གསེར་ཁྲི་ཨིནམ་ལས་ འབྲུག་གི་གསེར་ཁྲི་དེ་ མ་འདྲཝ་ཅིག་ཨིན།
སྤྱི་ལོ་༢༠༠༦ ལུ་ ང་གིས་ རྒྱལ་པོའི་ཕྱག་འགན་ལེནམ་ལས་ཚུར་ ཨ་རྟག་ར་ རྒྱལ་ཁབ་ལུ་ དད་དམ་མོས་གུས་དང་ ཐ་དམ་ཚིག་གི་སྒོ་ལས་ ཕྱག་ཕྱིད་ཞུ་ཡི།
རེ་ཚེ་སྐབས་ ང་གིས་ ལཱ་དུམ་གྲ་རེ་ འཛོལ་ཡོདཔ་འོང་ག་ཡང་ སླབ་མ་ཤེས་རུང་ མི་སེར་ཚུ་གིས་ ང་ལུ་ བློ་གཏད་དང་ ཡིད་ཆེས་སྒོ་ལས་ བརྩེ་བ་དང་ རྒྱབ་སྐྱོར་ཚུ་ ཧེ་མ་བ་ལྷགཔ་སྦེ་ བྱིན་མི་ལུ་ རྫོང་ཁག་༢༠ གི་ མི་སེར་ག་ར་ལུ་ བཀའ་དྲིན་དགའ་ཚོར་ཡོདཔ་མ་ཚད་ ད་ལས་ཕར་འབད་རུང་ གཞུང་དང་ རྒྱལ་ཁབ་ལུ་ ཕྱག་ཞུ་ནིའི་དོན་ལུ་ རྩ་འགེངས་ནིའི་ ཁས་བླངས་ཡོད།
གུ་རུ་པདྨ་འབྱུང་གནས་དང་ ཞབས་དྲུང་ངག་དབང་རྣམ་རྒྱལ་ དེ་ལས་ འབྲུག་རྒྱལ་༤ པ་གིས་ བྱིན་གྱིས་རླབས་གནང་པའི་ རྒྱལ་ཁབ་འདི་ནང་ བདེ་སྐྱིད་ཡུན་དུ་གནས་པའི་ རེ་བ་དང་ སྨོན་ལམ་ཡོད་ཟེར་ གསུངས་གནང་པའི་གནས་ཚུལ།



ཉི་མ་དབང་འདུས།

No comments:

Post a Comment