གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མོང་སྒར་ལུ་ ཉེས་འཛུགས་ཅན་༣ གྱི་ ཉེས་རྩོད་སྙན་གསན་འགོ་བཙུགས་ཡོདཔ།

༡༡/༡༢/༢༠༡༢   ཚོགས་དཔོན་ཁོ་ར་གིས་ རྩོད་བཤེར་ནང་ འབྲེལ་གཏོགས་མཛད་ནི་ཨིན་རུང་ ནང་སྲིད་བློན་པོ་གིས་ རྒྱབ་མི་བཙུགས་མི་བཙུགས་ཀྱི་ ཐག་མ་བཏོག་པར་ཡོདཔ།
༉ མོང་སྒར་རྒྱལ་པོའི་ཞིང་གི་ ཁྲོམ་ས་བགོ་བཀྲམ་དང་འབྲེལ་བའི་ རྩོད་དོན་ནང་ ཉེས་རྩོད་ཀྱི་ ཉེས་འཛུགས་འབད་མི་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་འཇིགས་མེད་ཚུལ་ཁྲིམས་དང་ ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེ་ དེ་ལས་ མོང་སྒར་ཁྲོམ་སྡེ་ཚོགས་ཆུང་གི་ འཐུས་མི་བགྲེསཔ་ བདེ་ཆེན་སེངྒེ་༣ གྱིས་ ཁ་ཙ་ རྫོང་ཁག་ཁྲིམས་འདུན་གྱིས་ སྟ་གོན་སྙན་གསན་མཛདཔ་ད་ ངོ་རྐྱང་སྦེ་བཅར་ནུག།

ཁ་ཙ་ ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེ་ སྟ་གོན་སྙན་གསན་གྱི་དོན་ལུ་ རྫོང་ཁག་ཁྲིམས་ཀྱི་འདུན་སར་ བཅར་བའི་ཤུལ་ལུ་ ལོག་བྱོན་པའི་བསྒང་།

སྟ་གོན་སྙན་གསན་གྱི་སྐབས་ལུ་ དྲང་དཔོན་གྱིས་ རྩོད་ཟླ་ཚུ་ལུ་ རྩོད་བཤེར་འབད་བའི་བསྒང་གི་ ནམ་དུས་ལུ་ འབད་ཆོགཔ་དང་ མ་ཆོགཔ་གི་སྐོར་ལས་ གསལ་བཤད་འབད་བའི་ཁར་ རྩ་ཕན་ཚུ་གིས་ བརྡ་བརྒྱུད་ལུ་ སྦ་གསང་མེད་པར་ སླབ་མི་ཆོག་པའི་སྐོར་ གོ་དོན་སྤྲོད་ཡོདཔ་ཨིན་པས།
དྲང་དཔོན་མགོན་པོ་རྡོ་རྗེ་གིས་ སླབ་མིའི་ནང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ མི་ངོ་སོ་སོ་ལུ་ ཉེས་འཛུགས་འབད་ཡོད་པའི་བཤེར་ཡིག་འདྲ་རེ་ ཁྲིམས་འདུན་གྱིས་ རྩོད་ཟླ་ཚུ་ལུ་ སྤྲོད་ཅི་ཟེར་ཨིནམ་ད་ ཉེས་འཛུགས་དང་འཁྲིལ་ རྩོད་ཟླ་ཚུ་གིས་ བརྒལ་ལན་ནམ་ བཤེར་ལན་ཕུལ་དགོཔ་ཨིན་པས།
ཁ་ཙ་ དྲོ་པའི་ཆུ་ཚོད་༩ ལས་ འགོ་བཙུགས་མི་ སྙན་གསན་ནང་ རྩོད་ཟླ་རེ་རེ་སྦེ་ འབོ་ཐོག་ལས་ རྩོད་བཤེར་གྱི་ བྱ་རིམ་ཚུ་ གསལ་བཤད་འབད་ཡོདཔ་ད་ དེ་ཡང་ ཁྲིམས་འདུན་ནང་ དང་པ་ར་ ཚོགས་དཔོན་གྱིས་ བཅར་བའི་ཤུལ་ལུ་ ནང་སྲིད་བློན་པོ་དང་ དེ་གི་ཤུལ་ལས བདེ་ཆེན་སེངྒེ་གིས་ བཅར་ཡོདཔ་ཨིན་པས།
དེ་བསྒང་ རྩོད་ཟླ་ཚུ་ལུ་ ཁྲིམས་འདུན་ནང་ ཁོང་གི་ངོ་ཚབ་དང་ རྒྱབ་མི་གིས་ བཅར་ཆོག་པའི་ དྲི་ཤོག་རེ་རེ་ སྤྲོད་ཡོདཔ་ཨིན་རུང་ རྒྱབ་མི་ཚུ་གི་ཐད་ལུ་ རྩོད་ཟླ་ཚུ་གིས་ ཆེ་མཐོ་ཁྲིམས་འདུན་ལས་ གནང་བ་ཞུ་ཞིནམ་ལས་རྐྱངམ་གཅིག་ འཚོལ་ཆོགཔ་སྦེ་ དྲག་དཔོན་གྱིས་ གསལ་བཤད་འབད་ཡོདཔ་ཨིན་པས།
ཚོགས་དཔོན་འཇིགས་མེད་ཚུལ་ཁྲིམས་ལུ་ སྤྱི་ལོ་༡༩༥༣ གྱི་ ཁྲིམས་གཞུང་ཆེན་མོ་ཉ་༡-༢ པའི་ དགོངས་དོན་དང་འཁྲིལ་ མགུ་སྐོར་དང་ མིང་རྟགས་རྫུས་མ་ དེ་ལས་ དབང་ཚད་ལོག་སྤྱོད་དང་ ཁྲོམ་ས་ཚུལ་མིན་སྒོ་ལས་ བགོ་བཀྲམ་འབད་ཡོད་པའི་ ཉེས་འཛུགས་འབད་ཡོདཔ་ད་ སྤྱི་ལོ་༡༩༩༩ དང་༢༠༠༢ ཀྱི་བར་ན་ རྒྱལ་པོའི་ཞིང་གི་ཁྲོམ་དང་ སྡོད་ཁྱིམ་ས་ཁོངས་ལས་ ས་ཚན་བསྡོམས་༩༩ ལས་༩༤ དེ་བསྒང་ མོང་སྒར་རྫོང་བདག་སྦེ་བཞུགས་མི་ ཚོགས་དཔོན་གྱིས་ བགོ་བཀྲམ་འབད་ཡོདཔ་བཞིན་དུ་ རྫོང་བདག་དེ་ རྒྱལ་པོའི་ཞིང་ཁྲོམ་སྡེ་ཚོགས་ཆུང་གི་ ཁྲི་འཛིན་ཨིན་པས།
དེ་མ་ཚད་ ཚོགས་དཔོན་ལུ་ ཁོ་རའི་བུ་དང་བུམོ་ དེ་ལས་ ཁྱིམ་ནང་གཡོག་ལཱ་འབད་མི་ལུ་ ཁྲོམ་ས་བགོ་སྤྲོད་འབད་ཡོད་མི་ལུ་བརྟེན་ ཁེ་ཕན་ལྟག་སྤྲོད་ཀྱི་ ཉེས་འཛུགས་འབད་ནུག།
དེ་ལས་ ཁྲོམ་ས་ལྷག་ལུས་༥ པོ་དེ་ སྤྱི་ལོ་༢༠༠༥ དང་༢༠༠༦ ལུ་ ཁྲོམ་སྡེ་ཚོགས་ཆུང་གི་ཁྲི་འཛིན་ བློན་པོ་མི་འགྱུར་རྡོ་རྗེའི་སྐབས་ལུ་ དགྲ་མེད་རྩེ་གྲྭ་ཚང་དང་ བུམ་ཐང་མཁར་ཆུ་གྲྭ་ཚང་ དེ་ལས་ ཀུར་རི་ཆུ་གློག་མེ་ལས་འགུལ་ནང་ ལཱ་འབད་མི་ འཕྲུལ་རིག་འགོ་དཔོན་དང་ སྐུ་འཁོར་གཉིས་ལུ་ བགོ་བཀྲམ་འབད་ཡོདཔ་ལས་ དབང་ཚད་ལོག་སྤྱོད་ཀྱི་ ཉེས་འཛུགས་འབད་ཡོད་རུང་ ཁ་ཙ་ སྟ་གོན་སྙན་གསན་སྐབས་ ས་ཆ་བགོ་བཀྲམ་འབད་བའི་ཐོ་དེ་ ཁྲིམས་འདུན་ལས་ ལྷག་ཕུལཝ་ད་ གྲྭ་ཚང་༢ དང་ ཀུར་རི་ཆུ་གློག་མེའི་ལས་བྱེདཔ་མ་གཏོགས་གཞན་༢ མེདཔ་ཨིན་པས།
ཁ་ཉེས་ཕོག་མི་༣ པ་ བདེ་ཆེན་སེངྒེ་ལུ་ ཁྲིམས་གཞུང་ཆེན་མོའི་ཉ་༡-༢ པའི་དགོངས་དོན་དང་འཁྲིལ་ དབང་ཚད་ལོག་སྤྱོད་དང་ མགུ་སྐོར་ དེ་ལས་ གཡོ་སྒྱུ་དང་ ཡིག་ཆ་རྫུས་བཟོ་ དེ་ལས་ ཁོ་རའི་སྤུན་ཆ་ཅིག་ལུ་ ས་ཚན་༡ བགོ་སྤྲོད་འབད་བའི་ ཉེས་འཛུགས་འབད་ཡོདཔ་ཨིན་པས།
སྟ་གོན་སྙན་གསན་སྐབས་ རྩོད་ཟླ་༣ ཆ་ར་གིས་ མི་དྲག་ཞན་མེད་པར་ག་ར་ དྲང་སྙོམས་སྦེ་ ཁྲིམས་ལུ་ བརྩི་བཀུར་ཞུ་དགོ་ཟེར་ཞུ་ཡོདཔ་ད་ ཚོགས་དཔོན་གྱིས་འབད་བ་ཅིན་ ཁྲིམས་ཀྱི་ལྟག་ལས་ ག་ཡང་མེདཔ་ཨིནམ་ ང་བཅས་ག་ར་གིས་ ཧ་གོ་དགོ་ཟེར་ཨིན་པས།
དེ་གི་ནང་ལས་ཡང་ ང་བཅས་རའི་ རྒྱལ་ཁབ་ཀྱི་ ཞི་བདེ་དང་ དགའ་སྐྱིད་ ཕན་བདེ་ གཅིག་སྒྲིལ་གྱི་དོན་ལས་ ངན་ལྷད་བཀག་འཛིན་འབད་ཐབས་ལུ་ ཐ་ན་ མི་ལོ་༡༥ དང་༢༠ གི་ཧེ་མར་ ངན་ལྷད་དང་འབྲེལ་བའི་ ལག་ལེན་ཚུ་ནང་ འབྲེལ་གཏོགས་འབད་མི་ ག་ཨིན་རུང་ འགན་འཁྲི་ཡོདཔ་བཟོ་དགོ་ཟེར་ ཚོགས་དཔོན་གྱིས་ བཤདཔ་ཨིན་པས།
དེ་དང་གཅིག་ཁར་ རྩ་ཁྲིམས་ཅན་གྱི་གཙུག་སྡེ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ཁ་ཐུག་ལས་ཡང་ ཁྲིམས་དང་འཁྲིལ་ ཕྱག་ལཱ་གནང་དགོཔ་དེ་ཡང་ གལ་ཆེ་ནི་དང་ དྲང་ཁྲིམས་ལྷན་སྡེའི་ ཁ་ཐུག་ལས་འབད་རུང་ ཁྲིམས་ཀྱི་རིང་ལུགས་དང་འཁྲིལ་ དྲང་ཁྲིམས་སྨིན་དགོ་ཟེར་ ཚོགས་དཔོན་འཇིགས་མེད་ཚུལ་ཁྲིམས་ཀྱིས་ ཁྲིམས་འདུན་ལུ་ ཞུ་ཡོདཔ་ཨིན་པས།
ཚོགས་དཔོན་གྱིས་ ངོ་ཚབ་དང་ ཡང་ཅིན་ རྒྱབ་མི་མ་བཙུགས་པར་ ཁོ་ར་གིས་ ཁྲིམས་ཀྱི་འདུན་སར་ བཅར་ཐོག་ལས་ རྩོད་བཤེར་འབད་ནི་སྦེ་ ཐག་བཅད་ཡོདཔ་ད་ ཁོ་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཉེས་འཛུགས་འབད་བའི་ བརྒལ་ལན་ནམ་ བཤེར་ཡིག་དེ་ སྤྱི་ཟླ་༡༢ པའི་ཚེས་༡༩ ལུ་ ཕུལ་ནི་དང་ བདེ་ཆེན་སེངྒེ་གིས་ སྤྱི་ཟླ་༡༢ པའི་ཚེས་༡༨ ལུ་ ཕུལ་ནི་ཨིན་པས།
དེ་འབདཝ་ད་ ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེ་གིས་ ངོ་ཚབ་དང་ ཡང་ཅིན་ རྒྱབ་མི་བཙུགས་ཐོག་ལས་ རྩོད་གཞི་ཕྱེ་ནི་ཨིན་ན་ ཡང་ཅིན་ ཁོ་ར་མི་ངོ་སྦེ་ ཁྲིམས་འདུན་ལུ་བཅར་ནི་ཨིན་ན་ ད་ལྟོ་ ཐག་མ་བཏོག་པར་ ཡོདཔ་ཨིན་པས།
ནང་སྲིད་བློན་པོ་གིས་འབད་བ་ཅིན་ ཁྲིམས་ཀྱི་འདུན་སར་ ཁོ་རའི་བཤེར་ལན་ཕུལ་ནི་གི་ ཚེས་གྲངས་གཏན་འཁེལ་བཟོ་བའི་ཤུལ་ལུ་རྐྱངམ་གཅིག་ ཁོ་ར་གིས་སྦེ་ རྩོད་གཞི་ཕྱེ་ནི་ཨིན་ན་ ཡང་ཅིན་ རྒྱབ་མི་བཙུགས་ཏེ་འབད་ནི་ཨིན་ན་ དེ་བསྒང་ལས་ ཐག་བཅད་འོང་ཟེར་ཨིན་པས།
ཁྲིམས་འདུན་འགོ་དཔོན་ཚུ་གིས་འབད་བ་ཅིན་ རྩོད་ཟླ་གསུམ་ཆ་ར་གིས་ མཉམ་འབྲེལ་ལེགས་ཤོམ་འབད་ཡོདཔ་མ་ཚད་ སྟ་གོན་སྙན་གསན་གྱི་དོན་ལུ་ དྲོ་པའི་ཆུ་ཚོད་༩ ཀྲིག་ཀྲི་ལུ་ ཁྲིམས་ཀྱི་འདུན་སར་ བཅར་ཡི་ཟེར་ཨིནམ་ད་ རྩོད་བཤེར་གྱི་ དུས་ཡུན་ཡང་ ཁྲིམས་གཏུགས་པ་ཚུ་གི་ ངོས་ལེན་གང་མགྱོགས་དང་འཁྲིལ་ འགྱོ་འོང་ཟེར་ ཨིན་པའི་གནས་ཚུལ།





རིག་འཛིན་དབང་ཕྱུག་དང་ བསྟན་པ་དབང་འདུས།

No comments:

Post a Comment