གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ནང་འཁོད་འཕུར་འགྲུལ་བཀག་བཞག་མི་གིས་ བཟའ་ཁང་ཚུ་ལུ་ ཐོ་ཕོག་ཡོདཔ།

༢༥/༡༢/༢༠༡༢   ཨིན་རུང་ མཁའ་འགྲུལ་ཞབས་ཏོག་དེ་ ཤུལ་མའི་བདུན་ཕྲག་ནང་ འགོ་བཙུགས་ཚུགས་པའི་རེ་བ།
༉ དུས་སྤྱི་ཟླ་༦ པ་ལས་ཚུར་ བཀྲིས་སྒང་ཡོན་ཕུ་ལ་ལུ་ ནང་འཁོད་འཕུར་འགྲུལ་ཞབས་ཏོག་དེ་ གནས་སྐབས་ཅིག་ མཚམས་འཇོག་སྦེ་ བཞག་མི་དེ་གིས་ བཟའ་ཁང་ཚུ་གི་ ཚོང་འབྲེལ་ལུ་ ཐོ་ཕོག་ཡོདཔ་ཨིན་པས།
དེ་ཡང་ རྫོང་ཁག་ནང་ འཕུར་འགྲུལ་ཞབས་ཏོག་མེད་མི་ལུ་བརྟེན་ ལྟ་བཤལཔ་ཚུ་ལུ་ ཞབས་ཏོག་མཁོ་སྤྲོད་འབད་མི་ འབྲུག་འདོད་འབྱུང་མགྲོན་ཁང་དང་ གླིང་ཁར་སྐྱིད་གནས་ཁང་ ཀེ་སི་བཟའ་ཁང་ལ་སོགས་པའི་ ཚོང་མགྲོན་པ་མང་རབས་ཅིག་གིས་ ཁོང་གི་ མཁོ་མངགས་ཚུ་ ཆ་མེད་བཏང་ཡོདཔ་ཨིན་པས།

ན་ཧིང་ སྤྱི་ཟླ་༡༢ པའི་ནང་ ཡོན་ཕུ་ལ་ ནང་འཁོད་གནམ་ཐང་ནང་ འཕུར་འགྲུལ་ཞབས་ཏོག་ འགོ་བཙུགས་ཀྱི་ རྟེན་འབྲེལ་སྐབས་ཆགས་མི་ འབྲུག་གནམ་གྲུ་ལས་འཛིན་གྱི་གནམ་གྲུ།


ཡོན་ཕུ་ལ་ལུ་ ནང་འཁོད་གནམ་གྲུ་འཕུར་འགྲུལ་འབད་ནི་དེ་ ན་ཧིང་ སྤྱི་ཟླ་༡༢ པའི་ནང་ འགོ་བཙུགས་ཏེ་ ཟླཝ་༦ གི་ཤུལ་ལས་ རྒྱུག་ལམ་ཉམས་བཅོས་ཀྱི་དོན་ལུ་ གནས་སྐབས་ཅིག་ འཕུར་འགྲུལ་འབད་ནི་ མཚམས་འཇོག་འབད་ནུག།
ནང་འཁོད་གནམ་གྲུའི་ཐོག་ལས་ བཀྲིས་སྒང་ལུ་ དུས་ཡུན་ཐུང་ཀུའི་དོན་ལུ་ ལྟ་སྐོར་འབད་བར་ འོང་ནི་གི་ སྤྲོ་བ་བསྐྱེད་མི་ ལྟ་བཤལཔ་ལེ་ཤ་ཐོན་ཡོདཔ་ཨིན་རུང་ འཕུར་འགྲུལ་ཞབས་ཏོག་མེད་མི་ལུ་བརྟེན་ ལྟ་བཤལ་ལས་རིམ་ཚུ་ ཆ་མེད་བཏང་ཡོད་ཟེར་ བཟའ་ཁང་བཙུགས་མི་ཚུ་གིས་ སླབ་ཨིན་པས།
འབྲུག་འདོད་འབྱུང་མགྲོན་ཁང་གི་ཇོ་བདག་ ཀུན་དགའ་གིས་ སླབ་མིའི་ནང་ འཕུར་འགྲུལ་གནས་སྐབས་ཅིག་ མཚམས་འཇོག་འབད་མི་ལུ་བརྟེན་ ལྟ་བཤལཔ་༥༠ ལྷགཔ་ཅིག་གིས་ བཟའ་ཁང་སྔོན་མངགས་འབད་མི་ཚུ་ ཆ་མེད་བཏང་ཡི་ཟེར་ཨིན་པས།
གླིང་ཁར་སྐྱིད་གནས་ཁང་ནང་ ལྟ་བཤལཔ་༣༠ དེ་ཅིག་གིས་ སྔོན་མངགས་འབད་མི་དེ་ཡང་ བཤོལ་བཞག་ཡོདཔ་མ་ཚད་ ཀེ་སི་བཟའ་ཁང་ལུ་ཡང་ ལྟ་བཤལཔ་༣༠ དེ་ཅིག་གི་ ཚོང་འབྲེལ་གྱི་ གོ་སྐབས་འབྱིད་ཡར་སོཔ་ཨིན་པས།
མཁའ་འགྲུལ་ཞབས་ཏོག་མེད་པའི་བསྒང་ལས་ དུས་ཡུན་ཐུང་ཀུའི་དོན་ལུ་ ཤར་ཕྱོགས་ལུང་ཕྱོགས་ནང་ འོང་ནི་གི་ སྤྲོ་བ་བསྐྱེད་མི་ ལྟ་བཤལཔ་ཚུ་ འོང་ཐབས་མིན་འདུག་ཟེར་ ཀུན་དགའ་གིས་ སླབ་ཨིན་པས།
བཟའ་ཁང་ཇོ་བདག་ཚུ་གིས་ སླབ་མིའི་ནང་ ནང་འཁོད་འཕུར་འགྲུལ་ཞབས་ཏོག་ མཚམས་འཇོག་མ་འབད་བ་ཅིན་ རྒྱལ་ཁབ་ཕྱི་ནང་གཉིས་ཆ་ར་ལས་ ཚོང་མགྲོན་པ་ལེ་ཤ་ལྷོད་ལྷོདཔ་འོང་ཟེར་ཨིན་པས།
ཡོན་ཕུ་ལ་ལུ་ཡོད་མི་ འབྲུག་གནམ་གྲུ་ལས་འཛིན་གྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ གནམ་གྲུའི་ཞབས་ཏོག་ཚུ་ ཤུལ་མའི་བདུན་ཕྲག་ནང་ འགོ་བཙུགས་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment