གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཆུ་ཞིང་ནང་ཁྱིམ་རྐྱབ་མི་ཚུ་ ཁྲིམས་འདུན་ལུ་བསྐྱལ་ནི།

༡༤/༡༢/༢༠༡༢   ༉ ད་རེས་ཁམས་འཚོགས་མི་ བཀྲིས་སྒང་རྫོང་ཁག་ཚོགས་འདུའི་སྐབས་ ད་ལས་ཕར་ བཀྲིས་སྒང་ཅོང་ཐི་དང་ སྦུག་ན་ གཞན་ཡང་ ཁྲིམས་འགལ་ཐོག་ལས་ ཆུ་ཞིང་ནང་ ཁྱིམ་རྐྱབ་ཡོད་པའི་ རྒེད་འོག་ཚུ་གི་ མི་སེར་ཚུ་ ཁྲིམས་འདུན་ལུ་བསྐྱལ་ནི་སྦེ་ གྲོས་ཐག་བཅད་ཡོདཔ་ཨིན་པས།


ཁྲིམས་འགལ་ཐོག་ལས་ ཆུ་ཞིང་ཚུ་ནང་ བཟོ་སྐྲུན་གྱི་ལཱ་འབད་མ་འབད་ དབྱེ་ཞིབ་འབད་ནིའི་དོན་ལུ་ ཚོགས་ཆུང་ཅིག་ཡང་ བཟོ་ཡོདཔ་ད་ རྫོང་ཁག་ཚོགས་འདུའི་ཁྲི་འཛིན་ ཀུན་བཟང་རྡོ་རྗེ་གིས་ སླབ་མིའི་ནང་ དབྱེ་ཞིབ་ཀྱི་ལཱ་ཚུ་འབད་བའི་ཤུལ་ལུ་ ཁྲིམས་འགལ་ཐོག་ལས་ ཁྱིམ་རྐྱབ་མི་ཚུ་ ཁྲིམས་འདུན་ལུ་གཏང་ནི་ཨིན་ཟེར་ཨིན་པས།
བཀྲིས་སྒང་རྫོང་བདག་ ལུང་བསྟན་རྡོ་རྗེ་གིས་སླབ་མིའི་ནང་ ད་ལས་ཕར་ ཆུ་ཞིང་ནང་ ཁྱིམ་རྐྱབ་མིའི་གནད་དོན་ཚུ་ བཀག་ཆ་འབད་ནི་དང་ ཧེ་མ་ལས་ རྐྱབ་ཚར་མི་ཚུ་གི་དོན་ལུ་ ཁྲིམས་མཐུན་གྱི་ངོས་ལེན་ཚུ་ འབད་ནི་ཨིན་ཟེར་ཨིནམ་ད་ དེ་ཡང་ གཤོང་ཕུ་རྒེད་འོག་གིས་ ཆུ་ཞིང་ཚུ་ནང་ མི་ཚུ་གིས་ ཁྲིམས་འགལ་ཐོག་ལས་ བཟོ་སྐྲུན་གྱི་ལཱ་འབད་བའི་སྐོར་ལས་ གྲོས་གཞི་ཕུལ་མི་དང་འཁྲིལ་ཏེ་ཨིན་པས།
ད་ལྟོ་ཚུན་ རང་བྱུང་ཅོང་ཐི་དང་ གཤོང་ཕུ་རྒེད་འོག་གི་ས་གནས་ སྦུག་ན་ཚུ་གི་ཆུ་ཞིང་ནང་ ཁྱིམ་༣༥ དེ་ཅིག་ རྐྱབ་ཚར་ཡོདཔ་སྦེ་ མཐོང་ཡོདཔ་ཨིན་པས།
དེ་ཚུ་གི་གྲས་ལས་ ཁྱིམ་༢༦ སྦ་སྒོར་དང་ གཞན་མི་ཚུ་ རྩི་ས་དང་ རང་ལུགས་ཀྱི་ འདམ་གྱིས་བཟོ་བཀོད་འབད་བའི་ ཁྱིམ་ཚུ་ཨིནམ་ད་ ཁྲིམས་འགལ་ཐོག་ལས་ བཟོ་སྐྲུན་འབད་ནི་དེ་ཡང་ སྤྱི་ལོ་༡༩༩༢ ལས་ འགོ་བཙུགས་ཡོདཔ་ཨིན་པས།
གཤོང་ཕུ་རྒཔོ་ ཀུན་བཟང་དབང་འདུས་ཀྱིས་སླབ་མིའི་ནང་ གཡུས་མི་གཞན་ ལེ་ཤ་ཅིག་གིས་ར་ ཆུ་ཞིང་ཚུ་ནང་ ཁྱིམ་རྐྱབ་ནི་ འགོ་བཙུགས་ནི་འབད་དེས་ཟེར་ཨིནམ་ད་ ཁྱིམ་མང་ཤོས་ཅིག་ལུ་ རྒེད་འོག་ལས་ ཁྱིམ་རྐྱབ་ནིའི་གནང་བ་ཚུ་ ཚུལ་མཐུན་མིན་འདུག་ཟེར་ཨིན་པས།
ཁྲིམས་འགལ་ཐོག་ལས་ བཟོ་སྐྲུན་འབད་མི་ཚུ་གིས་འབད་བ་ཅིན་ དེ་བཟུམ་མའི་ ལཱ་འབད་དགོ་མི་དེ་ཡང་ ཁོང་ལུ་ སྐམ་ཞིང་ལངམ་སྦེ་མེད་པའི་གུ་ ས་ལ་ལུ་ཅིག་ བཅུད་ལྡན་མེདཔ་ད་ ལ་ལུ་ཅིག་ནང་ ཐོན་ཁུངས་སྦོམ་མེདཔ་ དེ་ལས་ ཆུ་ཞིང་ལ་ལུ་ཅིག་ནང་ ཆུ་གཡུར་མེད་པའི་ཁར་ ལས་མི་ཚུ་ཡང་ ལངམ་མེད་མི་ལུ་བརྟེན་ཏེ་ཨིན་ཟེར་ སླབ་ཡོདཔ་ཨིན་པས།
ཨིན་རུང་ དབྱེ་ཞིབ་འབད་མི་སྡེ་ཚན་གྱིས་ ད་རེས་ཁྱིམ་རྐྱབ་ཡོད་མི་ ཆུ་ཞིང་མང་ཤོས་ཅིག་ནང་ ཆུ་གཡུར་གྱི་མཐུན་རྐྱེན་ཚུ་ ལེགས་ཤོམ་སྦེ་ར་ ཡོདཔ་མཐོང་ཡོདཔ་མ་ཚད་ འབྱ་འཛུགས་སྐྱོང་གི་དོན་ལུ་ འོས་འབབ་ལྡན་ཏོག་ཏོ་ཡོདཔ་ མཐོང་ཡོདཔ་ཨིན་པས།
ཀུན་བཟང་དབང་འདུས་ཀྱིས་ སླབ་མིའི་ནང་ མ་གཞི་ ཁོང་དག་པ་ཅིག་གིས་ ས་ཆ་བསྒྱུར་བཅོས་ཀྱི་དོན་ལུ་ ཞུ་ཡིག་ཚུ་བཙུགས་ཡོདཔ་ཨིན་རུང་ མང་ཤོས་ཅིག་གིས་ ཁྱིམ་ཚུ་རྐྱབ་ཚར་ནུག་ཟེར་ཨིན་པས།
ལུང་བསྟན་རྡོ་རྗེ་གིས་འབད་བ་ཅིན་ དེ་བཟུམ་མའི་གནད་དོན་ཚུ་ ད་ལྟོ་ལས་ར་ ལྟ་རྟོག་འབད་ཐོག་ལས་ བཀག་ཆ་མ་འབད་བ་ཅིན་ མ་འོངས་པའི་ལོ་ཚུ་ནང་ ཆུ་ཞིང་ཚུ་ རྩ་མེད་ཉམས་འགྱོ་ནིའི་ ཉེན་ཁ་ཡོད་ཟེར་ཨིནམ་ད་ ད་རེས་ཀྱི་གནས་སྟངས་ལུ་ལྷོདཔ་ད་ རྒེད་འོག་དང་ སོ་ནམ་རྒྱ་བསྐྱེད་ལས་སྡེ་ཚུ་གིས་ ལེགས་ཤོམ་སྦེ་ དབྱེ་ཞིབ་མ་འབད་བའི་ སྐྱོན་ཨིན་མས་ཟེར་སླབ་ཅི།
གལ་སྲིད་ རྒེད་འོག་ཚུ་གིས་ ལེགས་ཤོམ་སྦེ་ ལྟ་རྟོག་མ་འབད་བ་ཅིན་ རྫོང་ཁག་གིས་ རྒེད་འོག་༡༥ ག་རའི་ནང་ ཨ་རྟག་ར་ ལྟ་རྟོག་འབད་བར་ ལྷོད་མི་ཚུགས་ཟེར་ཨིན་པས།
སོ་ནམ་རྒྱ་བསྐྱེད་འགོ་དཔོན་གོངམ་ ཚེ་རིང་རྡོ་རྗེ་གིས་འབད་བ་ཅིན་ མི་སེར་ཚུ་གིས་ ཆུ་ཞིང་ནང་ ཁྱིམ་རྐྱབ་ནི་དེ་ ཁྲིམས་འགལ་གྱི་ལཱ་ཅིག་ ཨིནམ་ཤེས་རུང་ བཟོ་སྐྲུན་འབད་ཡོདཔ་ལས་ ད་ལས་ཕར་ ཁྱིམ་ཚུ་བརྡལ་གཏང་ནི་ཟེར་ཨིན་པས།
མིང་གསང་བཞག་མི་ཅིག་གིས་ སླབ་མིའི་ནང་ གླེང་མཁར་རྒེད་འོག་ནང་ཡང་ ཆུ་ཞིང་ཚུ་ནང་ ཁྱིམ་༢ དེ་ཅིག་རྐྱབ་ཡོདཔ་སྦེ་སླབ་ཨིན་རུང་ དེ་གི་དོན་ལུ་ ཉོགས་བཤད་བཀོད་མི་ ག་ཡང་མ་ཐོནམ་ལས་ རྫོང་ཁག་གིས་ དབྱེ་ཞིབ་མ་འབད་བར་ ཡོདཔ་ཨིན་པའི་གནས་ཚུལ།


 
རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment