གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་དབང་མངའ་ཞབས་མཆོག་གིས་ འགོ་དཔོན་༤ ལུ་ འབུ་རས་དམརཔོ་གནང་ཡོདཔ།

༡༨/༡༢/༢༠༡༢   དེ་ཡང་ དྲགོས་༢ ལུ་ རྒྱལ་ཁབ་དང་ མི་སེར་གྱི་མཐའ་དོན་ལུ་ ཡུན་རིངམོ་སྦེ་ ཕྱག་ཞུ་བའི་ ངོས་འཛིན་དང་ གཞན་མི་༢ ལུ་ ན་གཞོན་ཚུ་ལུ་ མིག་དཔེ་སྟོན་རུང་བའི་ འགན་ཁུར་འབག་སྟེ་ ཕྱག་ཞུ་ཐབས་ལུ་ཨིན་པས།
༉ ཁ་ཙ་ ཐིམ་ཕུ་ལྕང་གླིང་མི་ཐང་ནང་ རྒྱལ་ཡོངས་དུས་ཆེན་ཐེངས་༡༠༥ པ་བརྩི་སྲུང་དང་འབྲེལ་ཏེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ གློག་མེའི་འགོ་དཔོན་གོངམ་༢ དང་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་༢ ལུ་ གཉིས་སྐལམ་གི་གོ་གནས་ འབུ་རས་དམརཔོ་གནང་ཡི།
མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ གཡོན་ཁ་ཐུག་ལས་ དྲགོས་ཡེ་ཤེས་དབང་འདུས་ དྲགོས་ཕུན་ཚོགས་ནོར་བུ་ དྲགོས་ཌོག་ཊར་ བསོད་ནམས་ཀུན་དགའ་ དྲགོས་ཀརྨ་རལ་གྲི།


གློག་ཤུགས་མེ་ག་ཝཱཊ་༡,༢༠༠ དང་༡༠༢༠ འབད་མི་ སྤུ་ན་གཙང་ཆུ་༡ པ་དང་༢ པའི་ལས་འགུལ་དབང་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་ ཕུན་ཚོགས་ནོར་བུ་དང་ འབྲུག་གློག་མེ་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ ཡེ་ཤེས་དབང་འདུས་༢ ལུ་ བཀབ་ནེ་དམརཔོ་གནང་ཡི།
ཁོང་གཉིས་ཀྱིས་ ལོ་ངོ་མང་རབས་ཅིག་གི་རིང་ རྒྱལ་ཁབ་དང་ མི་སེར་གཉིས་ཀྱི་ མཐའ་དོན་ལུ་ གཙོ་བོར་བཏོན་ཏེ་ འགན་ཁག་རྩ་ཅན་འབག་སྟེ་ ཅི་ལྕོགས་གང་ལྕོགས་ཀྱི་སྒོ་ལས་ ཕྱག་ཞུ་བའི་ ངོས་འཛིན་ལུ་ འབུ་རས་དམརཔོ་གནངམ་ཨིན་ཟེར་ མི་དབང་མཆོག་གིས་ གསུངས་གནང་པའི་ཁར་  ཁོང་གཉིས་དང་ ཁོང་བཟུམ་མའི་ ཉམས་མྱོང་དང་ ལྕོགས་གྲུབ་ཡོད་མི་གཞན་ཚུ་གིས་ཡང་ ག་ནི་བ་གལ་ཆེ་བའི་ གློག་མེ་སྡེ་ཚན་ནང་ འཕྲོ་མཐུད་དེ་ར་ ཕྱག་ཞུ་འོང་མནོ་བའི་ རེ་བ་ཡོད་ཟེར་ གསུངས་གནང་ཡི།
ད་རིས་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ གཉིས་སྐལམ་གི་ གོ་གནས་གནང་མི་དེ་ ང་གིས་ རྩ་འགེངས་ཏེ་ དྲང་བདེན་དང་ དད་དམ་ལྷད་མེད་ཀྱི་སྒོ་ལས་ ཕྱག་ཞུ་བའི་ ངོས་འཛིན་དང་ གསོལ་རས་བཟུམ་ཅིག་ཨིན་པའི་ ཚོར་སྣང་བྱུང་ཡི་ཟེར་ མོང་སྒར་རྫོང་ཁག་ སྔ་ཚང་ལས་ སྐྱེས་ལོ་༥༣ ལང་མི་ དྲགོས་ཕུན་ཚོགས་ནོར་བུ་གིས་ སླབ་ཨིན་པས།
འདི་བཟུམ་མའི་ ངོས་འཛིན་གནང་མི་དེ་གིས་ རྩ་བ་གསུམ་ལུ་ ལྷག་པར་དུ་ ཕྱག་ཞུ་ནི་གི་ ཡིད་ཆེས་དང་ སེམས་ཤུགས་ དེ་ལས་སྤྲོ་སྣང་ཐེབས་ཐོབ་ཅི་ཟེར་ དྲགོས་ཕུན་ཚོགས་ནོར་བུ་གིས་ ཀུན་གསལ་ལུ་ སླབ་ཨིན་པས།
དྲགོས་ཕུན་ཚོགས་ནོར་བུ་གིས་ སྤྱི་ལོ་༡༩༧༧ ལུ་ བཀང་ལུང་ཤེས་རབ་རྩེ་སློབ་གྲྭ་ཆེ་བ་ལས་ སློབ་རིམ་༡༢ པ་མཐར་འཁྱོལ་བའི་ཤུལ་ལུ་ རྒྱ་གར་བི་ཧར་མངའ་སྡེའི་ས་གནས་ དཱན་བཱད་ལུ་ཡོད་པའི་ གཏེར་ཁའི་མཐོ་རིམ་སློབ་གྲྭ་ལས་ ས་གཏེར་རིག་པའི་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་བའི་ཤུལ་ལས་ སྤྱི་ལོ་༡༩༨༣ ལུ་ ས་གཏེར་ལས་ཁུངས་ནང་ འཛུལ་ཞུགས་འབད་ནུག།
དེ་ལས་ སྤྱི་ལོ་༡༩༨༧-༨༨ ལུ་ ལཱོན་ཌཱོན་ཨིམ་པི་རེལ་ཚན་རིག་དང་ འཕྲུལ་རིག་སློབ་ཁང་ནང་ལས་ ཚན་རིག་འཛིན་སྐྱོང་ནང་ མཐོ་རིམ་གོང་མའི་ཤེས་ཚད་ མཱསི་ཊར་ཌི་གི་རི་ མཐར་འཁྱོལ་བའི་ཤུལ་ལུ་ ལོག་སྟེ་ར་ ས་གཏེར་ལས་ཁུངས་ནང་ ས་གཏེར་འགོ་དཔོན་སྦེ་ ཕྱག་ཞུ་ནུག།
དྲགོས་ཕུན་ཚོགས་ནོར་བུ་དེ་ སྤྱི་ལོ་༡༩༩༧ ཟླཝ་༥ པའི་ནང་ དར་ལ་གློག་མེ་ལས་འགུལ་གཞི་བཙུགས་འབད་བའི་སྐབས་ ཡོངས་ཁྱབ་འཛིན་སྐྱོང་འོག་མ་སྦེ་ གནས་སོར་བཏང་ཞིནམ་ལས་ཚུར་ ལས་འགུལ་མཇུག་མ་བསྡུ་ཚུན་ཚོད་ འཛིན་སྐྱོང་མདོ་ཆེན་འོག་མ་སྦེ་  ཕྱག་ཞུ་ཡོདཔ་མ་ཚད་ སྤྱི་ལོ་༢༠༠༤ ལས་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་ནང་ ལཱ་འབདཝ་ཨིན་པས།
མི་དབང་མཆོག་གིས་ ང་ལུ་ འབུ་རས་དམརཔོ་གནངམ་ད་ ཧ་ལསཔ་དང་གཅིག་ཁར་ ཁ་རྗེ་ཅན་ཅིག་ཨིན་པའི་ ཚོར་སྣང་ཡང་ བྱུང་ཡི་ཟེར་ ད་རུང་ མོང་སྒར་སྔ་ཚང་ལས་ཨིན་མི་ དྲགོས་ཡེ་ཤེས་དབང་འདུས་ཀྱིས་ མགུ་འཐོམ་ཐོག་ལས་  བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ གཉིས་སྐལ་མའི་ གོ་གནས་དང་གཅིག་ཁར་ འགན་ཁུར་ཐེབས་གནངམ་ལས་ ངེ་གི་ཁ་ཐུག་ལས་འབད་རུང་ ཅི་ལྕོགས་དང་ལྕོགས་ཀྱི་སྒོ་ལས་ ཕྱག་ཞུ་སྟེ་ མི་དབང་མངའ་ཞབས་མཆོག་གི་ དགོངས་འཆར་འགྲུབ་ཐབས་འབད་ནི་ལུ་ རྩ་འགེངས་ནི་ཟེར་ཨིན་པས།
སྐྱེས་ལོ་༥༤ ལང་མི་ དྲགོས་ཡེ་ཤེས་དབང་འདུས་ཀྱིས་ ནུབ་བེང་གཱལ་ ཁ་རག་པུར་འཕྲུལ་རིག་སྤེལ་ཁང་ལས་ འཕྲུལ་རིག་མཐོ་རིམ་ཤེས་ཚད་མཐར་འཁྱོལ་བའི་ཤུལ་ལུ་ སྤྱི་ལོ་༡༩༨༤ ལུ་ གློག་མེ་ལས་ཁུངས་ནང་ འཕྲུལ་རིག་འགོ་དཔོན་ལས་རོགས་སྦེ་ འཛུལ་ཞུགས་འབད་དེ་ ཆུ་ཁ་གློག་མེ་ལས་འགུལ་འགོ་བཙུགས་མི་དེ་ནང་ གནས་སོར་བཏང་སྟེ་ ལོ་༢ ཀྱི་རྒྱབ་ལས་ སྤྱི་ལོ་༡༩༨༧-༨༨ ལུ་ ཡུ་ཨེསི་ཨེ་ལས་ གློག་མེ་འཕྲུལ་རིག་ནང་ མཐོ་རིམ་གོང་མའི་ཤེས་ཚད་ མཱསི་ཊར་ཌི་གི་རི་སློབ་སྦྱོང་འབད་ནུག།
ད་རུང་ ཆུ་ཁ་གློག་མེ་ལས་འགུལ་ནང་ ལོ་༡ དེ་ཅིག་ ཕྱག་ཞུ་བའི་ཤུལ་ལུ་ སྤྱི་ལོ་༡༩༩༠-༩༣ ཚུན་ ཆུ་ཁ་ལས་འགུལ་གྱི་ འཛིན་སྐྱོང་པ་འོག་མ་སྦེ་དང་ སྤྱི་ལོ་༡༩༩༣-༩༨ ཚུན་ འཛིན་སྐྱོང་མདོ་ཆེན་འོག་མ་དང་ སྤྱི་ལོ་༡༩༩༩ ལས་༢༠༠༧ ཚུན་ འཛིན་སྐྱོང་མདོ་ཆེན་སྦེ་ ཕྱག་ཞུ་ནུག།
དེ་ལས་ སྤྱི་ལོ་༢༠༠༨ ལུ་ གློག་མེ་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་སྦེ་ བསྐོ་བཞག་འབད་ཡོདཔ་ཨིན་པས།
རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་  བསོད་ནམས་ཀུན་དགའ་ལུ་ འབུ་རས་དམརཔོ་གནང་དགོ་མི་དེ་ཡང་ ཆུང་ཀུ་སྦེ་ སྡོད་པའི་བསྒང་ལས་ར་ འབྲི་རྩོམ་དང་ རྒྱལ་རབས་མཁས་མཆོག་ཅིག་ཨིན་པའི་ཁར་ ཉམ་ཆུང་ཐོག་ལས་ བཀྲིས་སྒང་གི་འཐུས་མི་སྦེ་ཐོན་ཏེ་ རྒྱལ་ཡོངས་ཚོགས་སྡེའི་ ཁྲི་འཛིན་འོག་མ་སྦེ་ ཕྱག་ཞུཝ་མ་ཚད་ ཁོ་གི་ བརྩོན་ཤུགས་དང་ ཁས་ལེན་ཚུ་གིས་སྦེ་ ན་གཞོན་ཚུ་ལུ་ མིག་དཔེ་ལེགས་ཤོམ་སྟོན་མི་ལུ་བརྟེན་ཨིན་ཟེར་ མི་དབང་མངའ་ཞབས་མཆོག་གིས་ གསུངས་གནང་ཡི།
བཀྲིས་སྒང་དགའ་གླིང་ལས་ སྐྱེས་ལོ་༣༩ ལང་མི་ དྲགོས་ཌོག་ཊར་བསོད་ནམས་ཀུན་དགའ་གིས་ སླབ་མིའི་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཁོ་བཟུམ་མའི་མི་ལུ་ བྱམས་བརྩེའི་སྒོ་ལས་ གཟེངས་བསྟོད་ཀྱི་ ངོས་འཛིན་གནང་མི་དེ་ལུ་ བཟོད་མ་ཚུགས་པའི་ ཚོར་སྣང་བྱུང་ཡི་ཟེར་ཨིན་པས།
ང་གིས་ རྒྱལ་ཁབ་དང་ མི་སེར་ལུ་ དམིགས་བསལ་དང་ ཁྱད་འཕགས་ཅན་གྱི་ ཞབས་ཏོག་ཅིག་ གྲུབ་གྲུབ་མེད་རུང་ མི་དབང་མངའ་ཞབས་མཆོག་གིས་ བཀའ་སློབ་གནང་དོ་བཟུམ་ ད་ལས་ཕར་ ངེ་གི་མི་ཚེ་གང་རང་ མི་མང་ལུ་ ཞབས་ཏོག་ཅི་དྲག་གང་དྲག་ཞུ་ནི་གི་ གོ་སྐབས་བཟང་པོ་ཅིག་ འཐོབ་ནི་ཨིན་པའི་ སེམས་ཤུགས་སྦོམ་ཐོབ་ཅི་ཟེར་ སྤྱི་ལོ་༢༠༠༧ ལུ་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་སྦེ་ བཙག་འཐུ་གྲུབ་ཡོདཔ་མ་ཚད་ སྤྱི་ལོ་༢༠༠༩ ཟླཝ་༡༡ པའི་ནང་ ཚོགས་སྡེའི་ཁྲི་འཛིན་འོག་མ་སྦེ་ བཙག་འཐུ་གྲུབ་མི་ དྲགོས་ཌོག་ཊར་བསོད་ནམས་ཀུན་དགའ་གིས་ སླབ་ཨིན་པས།
དྲགོས་ཌོག་ཊར་བསོད་ནམས་ཀུན་དགའ་གིས་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ལས་ ཨིང་ལིཤ་ཨོ་ནརསི་ཤེས་ཚད་མཐར་འཁྱོལ་བའི་ཤུལ་ལས་ སྤྱི་ལོ་༡༩༩༧ ལུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ འགོ་དཔོན་བཙག་འཐུའི་ནང་ ཨང་དང་པ་ཐོན་པའི་ཤུལ་ལུ་ དཔལ་འབྲུག་ཞིབ་འཇུག་ལྟེ་བའི་ནང་ འཛུལ་ཞུགས་འབད་ཡོདཔ་ད་ སྤྱི་ལོ་༢༠༠༦ ལུ་ འབྲུག་གི་སྒེར་སྡེ་གསར་ཤོག་༢ པ་ འབྲུག་གནས་ལུགས་ཀྱི་ རྩོམ་སྒྲིག་འགོ་དཔོན་སྦེ་ ལཱ་འབད་ཡོདཔ་ད་ ཁོ་གིས་ ཇ་པཱན་ཀི་ཡོ་ཊོ་གཙུག་ལག་སློབ་སྡེའི་ནང་ལས་ མཐོ་རིམ་གོང་མའི་ཤེས་ཚད་ མཱསི་ཊར་དང་ པི་ཨེཆ་ཌི་གི་ ཤེས་ཚད་མཐར་འཁྱོལ་བྱུང་ནུག།
དེ་ལས་ རྒྱལ་ཡོངས་ཚོགས་སྡེའི་ ཁྱད་ལྡན་མི་ངོ་ ཀརྨ་འོད་ཟེར་རལ་གྲི་ལུ་ འབུ་རས་དམརཔོ་གནང་མི་དེ་ཡང་ ཁོ་ལུ་  ལྕོགས་གྲུབ་དང་ ཡོན་ཏན་ལེགས་ཤོམ་ཡོད་པའི་ དཔྱེ་ཡང་དག་སྟོན་པའི་ ངོས་འཛིན་ལུ་ཨིན་ཟེར་ མི་དབང་མཆོག་གིས་ གསུངས་གནང་ཡི།
ཁོང་གཉིས་ལུ་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ ཡུན་རིངམེ་སྦེ་ རྒྱལ་ཁབ་དང་ མི་སེར་ལུ་ ཕྱག་ཞུ་སྟེ་ བཀྲིན་དགའ་ཚོར་གྱི་དོན་ལུ་ འབུ་རས་དམརཔོ་བྱིནམ་མིན་པར་ ཁོང་གཉིས་ཆ་ར་ གཞོནམ་འབད་ནི་དེ་གིས་ ད་ལྟོ་ལས་ བྱིན་པ་ཅིན་ མ་འོངས་པ་ལུ་ རྒྱལ་ཁབ་དང་ མི་སེར་༢ ཀྱི་ མཐའ་དོན་ལུ་ ཕྱག་ཞུ་འོང་ཟེར་མནོ་སྟེ་ བློ་གཏད་དེ་ གནངམ་ཨིན་ཟེར་ མངའ་ཞབས་མཆོག་གིས་བཀའ་སློབ་གནང་ཡི།
བཀྲིས་གཡང་རྩེ་ རམ་འཇར་ལས་ སྐྱེས་ལོ་༤༦ ལང་མི་ དྲགོས་ཀརྨ་རལ་གྲི་གིས་ སྤྱི་ལོ་༡༩༨༨ ལུ་ རྒྱ་གར་རོར་ཀི་གཙུག་ལག་སློབ་སྡེ་ལས་ ཞི་ལས་འཕྲུལ་རིག་མཐོ་རིམ་ཤེས་ཚད་མཐར་འཁྱོལ་ཏེ་ སྤྱི་ལོ་༡༩༨༩-༡༩༩༥ ཚུན་ འབྲུག་གོང་འཕེལ་དངུལ་ཁང་ནང་ ལཱ་འབད་ཡོདཔ་བཞིན་དུ་ དེ་བསྒང་ ཞི་བའི་ཁས་བླངས་དམག་མིའི་ འགོ་དཔོན་སྦེ་ཡང་ ཕྱག་ཞུ་ཡོདཔ་ཨིནཔས།
སྤྱི་ལོ་༡༩༩༥-༢༠༠༠ གི་བར་ན་ དངུལ་རྩིས་ལྷན་ཁང་ གཞུང་ཆས་ལས་ཁུངས་ནང་ འཕྲུལ་རིག་བཀོད་ཁྱབ་སྦེ་དང་ དེ་གི་ཤུལ་ལས་ ལོ་༦ གི་རིང་ ཞབས་ཏོག་ལྷན་ཁག་ ཁྲོམ་སྡོ་གོང་འཕེལ་དང་ ཁྱིམ་བཟོ་ལས་ཁུངས་ནང་ འཕྲུལ་རིག་སྡེ་འཛིན་སྦེ་ ཕྱག་ཞུ་ནུག།
སྤྱི་ལོ་༢༠༠༠ ལུ་ ཇ་པཱན་ལས་ ཇིའོ་ཊེག་ནི་ཀཱལ་འཕྲུལ་རིག་གི་ མཐོ་རིམ་གོང་མའི་ ཤེས་ཚད་མཐར་འཁྱོལ་མི་ དྲགོས་ཀརྨ་རལ་གྲི་དེ་ སྤྱི་ལོ་༢༠༠༨ ལུ་ རྒྱལ་ཡོངས་ཚོགས་སྡེའི་ ཁྱད་ལྡན་མི་ངོ་སྦེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བསྐོ་བཞག་གནང་ཡོད་པའི་གནས་ཚུལ།


རིག་འཛིན་དབང་ཕྱུག།

No comments:

Post a Comment