གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཆུ་གཡུར་ཉམས་བཅོས་མ་འབད་བ་ཅིན་ ཁྱིམ་འཕྱགས་བདའ་ནིའི་ཚ་གྱང་།

༡༡/༡༢/༢༠༡༢   ༉ དགེ་ལེགས་ཕུག་ལུ་ དུས་ཅི་ གནམ་བྱཱར་གྱི་དུས་ཚོད་ལུ་ ཆརཔ་ཤུགས་སྦེ་ རྐྱབ་མི་ལུ་བརྟེན་ དགེ་ལེགས་ཕུག་ཁྲོམ་སྡེའི་ ཆུ་གཡུར་ལྟེམ་ལྟེམ་སྦེ་ གང་སྟེ་ཆུ་རུད་ཐོན་མི་ལུ་བརྟེན་ དགེ་ལེགས་ཕུག་ཁྲོམ་ལས་མར་ མི་ཊར་༣༠༠ དེ་ཅིག་གི་ས་ཁར་ ཆུ་གཡུར་གྱི་ཟུར་ཁར་སྡོད་མི་ ནར་བཱ་དྷུར་ གུ་རུང་གི་ ཁྱིམ་འོག་གི་ཙིགཔ་ཚུ་ ཆུ་གིས་འཕྱགས་བདའ་ཞིནམ་ལས་ ཐོག་གཅིག་འབད་མི་ ཁྱིམ་གྱི་ཁང་མིག་༣ ཡང་ མེདཔ་བཏང་ཡོདཔ་ཨིན་པས།


དེ་མ་ཚད་ ཁྱིམ་རྐྱབ་ནིའི་དོན་ལུ་ མཛོད་ཁང་སྦེ་བཞག་མི་ ཁང་མིག་༡ ནང་ལས་ ཤིང་དང་ ལྕགས་ཤོག་ཐུམ་སྒྲིལ་༩ དེ་ཅིག་ཡང་ ཆུ་གིས་ འཕྱགས་བདའ་ཡོདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ སྤྱི་ཟླ་༧ པའི་ཚེས་༡༤ གི་ ཆུ་རུད་དེ་ ཆུ་གཡུར་གུ་ལས་ འོང་ནི་དེ་གིས་ ཟད་འགྲོ་སྦོམ་བཏང་སྟེ་ ད་རུང་ ཉེན་སྲུང་གི་ ཙིགཔ་རྐྱབ་ཅི་ཟེར་ཨིནམ་ད་ དེ་སྦེ་མ་འབད་བ་ཅིན་ ཁྱིམ་ཆ་མཉམ་ར་ འཕྱགས་བདའ་ནིའི་ ཉེན་ཁ་བྱུང་ཡི་ཟེར་ཨིན་པས།
དགེ་ལེགས་ཕུག་ཁྲོམ་གྱི་ ཆུ་གཡུར་དེ་ ནར་བཱ་དུར་གྱི་ ཁྱིམ་གྱི་རྩ་བ་ལས་མར་ འགྱོ་དོ་ཡོདཔ་ཨིན་པས།
ནཱར་བཱ་དུར་གྱིས་ སླབ་མིའི་ནང་ དེ་གི་སྐོར་ལས་ ཁྲོམ་སྡེ་ཡིག་ཚང་དང་ གསར་སྤང་རྫོང་ཁག་ལུ་ སྙན་ཞུ་འབད་བའི་ཤུལ་ལས་ ཞིབ་དཔྱད་འབད་མི་ལྷོད་ཡོད་རུང་ ག་ནི་ཡང་ མ་ཐོབ་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཁོ་རའི་ཁྱིམ་དེ་ ད་ལྟོ་ ཆརཔ་མེད་ནི་དེ་གིས་ གནས་སྐབས་ཅིག་གི་དོན་ལུ་ བརྟན་ཏོག་ཏོ་ཡོད་རུང་ དུས་ཅིའི་ལོ་ མཇུག་བསྡུ་རན་ཁར་ ལྷོད་ཡོདཔ་ལས་ དེ་ནང་ ཁྲོམ་སྡེ་གིས་ ཆུ་གཡུར་ཉམས་བཅོས་འབད་འབདཝ་མེདཔ་ལས་ སང་ཕོད་ གནམ་བྱཱར་གི་དུས་ཚོད་ལུ་ གལ་སྲིད་ ཆུ་རུད་འཐོན་པ་ཅིན་ ད་རུང་ ཁོ་གི་ཁྱིམ་དེ་ འཕྱགས་མི་འབག་ག་མནོ་བའི་ ཚ་གྱང་སྦོམ་སྦེ་ར་ ལངམ་ལང་སར་ སྡོད་དོ་ཟེར་ཨིན་པས།
གནམ་བྱཱར་གྱི་ ཆུ་རུད་དེ་གིས་ ནཱར་བཱ་དྷུར་གྱི་ ཁྱིམ་གྱི་མཇུག་ལུ་ཡོད་པའི་ ཁྲོམ་སྡེའི་ས་ཁོངས་ཀྱི་ཕྱི་ཁར་ མི་སེར་སོ་ནམ་པའི་ ཆུ་ཞིང་ཨེ་ཀར་༡༥༠ དེ་ཅིག་ཡོད་མི་ཚུ་གི་ ཞིང་ཆུའི་དོན་ལུ་ ཆུ་གཡུར་བཏོན་ཡོད་མི་དེ་ཡང་ ཆུ་རུད་ཀྱིས་ འཕྱགས་བདའ་བའི་ཤུལ་ལས་ ཉམས་བཅོས་མ་འབད་བར་ ལུས་ཡོདཔ་ཨིན་པས།
དགེ་ལེགས་ཕུག་ཁྲོམ་དཔོན་ རྣམ་རྒྱལ་གྱིས་ སླབ་མིའི་ནང་ ཁྱིམ་དེ་ ཁྲིམས་འགལ་གྱི་ཐོག་ལས་རྐྱབ་ཡོདཔ་ད་ ཆུ་གཡུར་ཉམས་བཅོས་འབད་ནིའི་དོན་ལུ་ ཁྲོམ་སྡེ་གིས་ འཆར་གཞི་ཚུ་ བཟོ་བའི་བསྒང་ཡོད་ཟེར་ ཨིན་པའི་གནས་ཚུལ།



 
དགེ་ལེགས་ཕུག་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment