གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བྷུ་ཊཱན་ཀུན་མཉམ་པར་ཊི་གི་ རྩི་རང་ མནྜལ་སྒང་གི་འདེམས་ངོའི་ངོ་སྤྲོད།

༦/༡༢/༢༠༡༢   ༉ དང་འདོད་ཅན་གྱི་སྲིད་ཚོགས་ བྷུ་ཊཱན་ཀུན་མཉམ་པར་ཊི་གིས་ བཙག་འཐུ་ལྷན་ཚོགས་ལས་ ཐོ་བཀོད་འགྲུབ་ནིའི་དོན་ལུ་ ད་ལྟོ་ སྒུག་སྡོད་པའི་དུས་ཚོད་ལུ་ ད་རུང་ ཁ་ཙ་ རྩི་རང་རྫོང་ཁག་ དཀྱིལ་འཁོར་ཐང་དང་ མནྜལ་སྒང་འདེམས་ཁོངས་ཀྱི་དོན་ལུ་ གློག་མེའི་བཟོ་རིག་འགོ་དཔོན་བགྲེསཔ་ཅིག་ འདེམས་ངོ་གཏན་འཁེལ་སོང་ཡོད་པའི་ ངོ་སྤྲོད་འབད་ཡི།
ནཱ་ར་ཡཱན་ ཨ་དྷི་ཀ་རི།


དཀྱིལ་འཁོར་ཐང་རྒེད་འོག་ ས་ལ་མི་གཡུས་ཚན་ནང་ལས་ སྐྱེས་ལོ་༥༠ འབད་མི་ རུབ་ ནཱ་ར་ཡཱན་ ཨ་དྷི་ཀ་རི་དེ་ ད་ལྟོ་ གྲོས་སྟོན་ལས་སྡེ་ཅིག་ གཞི་བཙུགས་འབད་དེ་ གློག་མེ་ལས་འགུལ་ཚུ་ནང་ ལཱ་འབད་དོ་ཡོདཔ་ད་ དེ་གི་ཧེ་མར་ ནུས་ཤུགས་ལས་ཁུངས་ཀྱི་ གྲོས་གསེབ་གློག་མེ་ལས་འགུལ་སྡེ་ཚན་ནང་ ལོ་ངོ་༡༠ དེ་ཅིག་ ཕྱག་ཞུ་ཡོདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ སྲིད་ཚོགས་དེ་ནང་ འཐུས་མིའི་གྲངས་སུ་ འཛུལ་ཞུགས་འབད་ནི་གི་ གདམ་ཁ་རྐྱབ་དགོ་མི་དེ་ཡང་ སྲིད་ཚོགས་དེ་གི་ལྟ་བ་དེ་ལུ་ ཁོ་ར་ ཡིད་ཆེས་སྦོམ་བྱུང་པའི་ཁར་ ལྷག་པར་དུ་ སྲིད་ཚོགས་དེ་གིས་ རང་མོས་རྣམ་དག་ཐོག་ལས་ རྩ་བ་༣ ལུ་ ཕྱག་ཞུ་ནི་གི་ དང་འདོད་ཡོད་པའི་ནང་ལས་ དམིགས་བསལ་དུ་ གྲོང་གསེབ་གོང་འཕེལ་གཏང་ནི་ལུ་ གཙོ་བོར་བཏོན་ནི་གི་ སྲིད་བྱུས་ཡོད་ནི་དེ་གིས་ ཨིན་ཟེར་ཨིན་པས།
དེ་མ་ཚད་ སྲིད་ཚོགས་དེ་གི་ལྟ་བ་ནང་ སྲིད་དོན་དེ་ དད་དམ་ལྷད་མེད་ཐོག་ལས་ གཞུང་སྐྱོང་ལེགས་ལྡན་གྱི་ དམངས་གཙོའི་རིང་ལུགས་ གོང་འཕེལ་གཏང་ནི་གི་ དམིགས་གཏད་བསྐྱེད་མི་ཚུ་ལུ་བརྟེན་ སྲིད་ཚོགས་དེ་ལུ་ ཡིད་ཆེས་བསྐྱེད་དེ་ འབྲེལ་གཏོགས་འབད་འབདཝ་ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ལོ་ངོ་༡༠ དེ་ཅིག་ཞི་གཡོག་ནང་ ཕྱག་ཞུ་སྡོད་པའི་རིང་ལུ་ཡང་ གྲོང་གསེབ་ཚུ་ནང་ འབྲེལ་གཏོགས་གང་དྲག་འབད་ཡོདཔ་མ་ཚད་ ད་ལྟོ་ ཁོ་རའི་ སྒེར་གྱི་གྲོས་སྟོན་ལས་སྡེ་དེ་ཡང་ མང་ཤོས་ར་གློག་མེ་སྦྲེལ་མཐུད་ལས་འགུལ་ཚུ་ནང་ བཅའ་མར་གཏོགས་ནི་དེ་གིས་ གྲོང་གསེབ་ཀྱི་ གནས་སྟངས་ལེགས་ཤོམ་སྦེ་ ཧ་གོཝ་ལས་ སྲིད་ཚོགས་དེ་གི་ ལྟ་བ་དང་བསྟུན་པའི་ ཉམས་མྱོང་ཡོདཔ་ལས་ སྲིད་ཚོགས་དེ་ནང་ འབྲེལ་གཏོགས་ཐོག་ ཁྱད་པར་བཟོ་ཚུགས་པའི་ རེ་བ་ཡོད་ཟེར་ བཤདཔ་ཨིན་པས།
ཁོ་གིས་ སྲིད་དོན་ནང་ འབྲེལ་གཏོགས་འབདཝ་བཞིན་དུ་ ཁོ་རའི་ འདེམས་ཁོངས་ནང་ལས་ རྒྱབ་སྐྱོར་དང་ ངོས་ལེན་ག་དེ་སྦེ་འོང་ག་ཟེར་བའི་ལན་ལུ་ བཤད་མིའི་ནང་ ཁོ་ར་ སྐྱེས་ས་དང་ སྦོམ་ས་ གཡུས་ཁར་ཨིན་པའི་ཁར་ ཨ་རྟག་ར་ གཡུས་ཁ་འགྱོ་ནི་ཡོདཔ་ལས་ གཡུས་མི་ཚུ་དང་གཅིག་ཁ་ དུས་རྒྱུན་དུ་ འབྲེལ་བ་འཐབ་ནི་དེ་གིས་ འདེམས་ཁོངས་ནང་གི་ མི་མང་ཤོས་ཅིག་གིས་ར་ ངོ་ཤེསཔ་མ་ཚད་ ད་རུང་ སྐུལ་བསྒྲགས་ལས་རིམ་སྐབས་ གོ་སྐབས་ལེན་ནི་ཡོདཔ་ལས་ འདེམས་ཁོངས་ནང་ལས་ རྒྱབ་སྐྱོར་འཐོབ་ཚུགས་ནི་ལུ་ དོགས་པ་མེད་ཟེར་ཨིན་པས།
དེ་དང་འབྲེལ་ ད་རུང་ སྲིད་ཚོགས་དེ་གིས་ འདེམས་ངོ་གཞན་༥ དེ་ཅིག་ གཏན་འཁེལ་སོང་ཡོད་པའི་ མི་ངོམ་ཚུ་ བརྡ་བརྒྱུད་ལུ་གསལ་སྟོན་འབད་ཡོདཔ་ད་ དེ་ནང་ ཀྲོང་གསར་ བྲག་སྟེང་གླང་ཐལ་ལས་ རིག་འཛིན་དང་ བཀྲིས་གཡང་རྩེ་ འབུམ་སྡེ་གླིང་བྱམས་མཁར་ལས་ བསྟན་འཛིན་རྡོ་རྗེ་ དེ་ལས་ གཞལམ་སྒང་བར་དོ་ཀྲོང་ལས་ ཚེ་རིང་དངོས་གྲུབ་ དར་དཀར་ནང་ ལྷ་མོའི་འཛིང་ཁ་དང་བཀྲིས་སྡིངས་ལས་ ཀི་རིཤ་ན་ བྷ་དུར་ ཏཱ་མང་ བསམ་རྩེ་དོ་རོ་ཁ་རྟ་སྡིངས་ལས་ དེ་བོ་ རཱཇ་ གུ་རུང་ཚུ་ཨིནམ་སྦེ་ གསལ་བཀོད་འབད་ཡི།
དེ་དང་འབྲེལ་ སྲིད་ཚོགས་དེ་གིས་ བདུན་ཕྲག་འདི་གི་མཇུག་ལུ་ བཙག་འཐུ་ལྷན་ཚོགས་ཀྱིས་ ཐོ་བཀོད་དང་འབྲེལ་བའི་བསྐྱར་ཞིབ་ཚུ་མཇུག་བསྡུ་སྟེ་ ཐོ་བཀོད་གྲུབ་ཚུགས་པའི་ རེ་བ་བསྐྱེདཔ་ཨིན་པས།
སྲིད་ཚོགས་དེ་གིས་ བཙག་འཐུ་ལྷན་ཚོགས་ལུ་ ཐོ་བཀོད་ཀྱི་ ཞུ་ཡིག་བཙུགས་སྟེ་ ཟླཝ་༡ ལྷགཔ་ཅིག་སོང་ཡོདཔ་ད་ ད་ཚུན་ སྲིད་ཚོགས་ཀྱི་ འདེམས་ངོ་༢༤ དེ་ཅིག་ ཐོ་བཀོད་འབད་ཡོད་མི་དེ་ཡང་ བཙག་འཐུ་ལྷན་ཚོགས་ལུ་ ཕུལ་ཡོད་པའི་ཁར་ དེ་དང་གཅིག་ཁར་ ད་ཚུན་གྱི་ རྩིས་ཁྲ་དང་ ཐོ་བཀོད་ཅན་གྱི་འཐུས་མི་༢༥༧ གྱི་ ཐོ་ཡིག་ཚུ་ཡང་ ཕུལ་ཡོདཔ་ཨིན་ཟེར་ཨིན་པས།
སྲིད་ཚོགས་དེ་གི་ གནས་སྐབས་ཀྱི་ཁྲི་འཛིན་ བསོད་ནམས་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ མ་གཞི་ འདེམས་ངོའི་ཐོ་ཡིག་དེ་ སྲིད་ཚོགས་ཐོ་བཀོད་ཀྱི་དོན་ལུ་ ངེས་པར་དུ་ ཕུལ་དགོཔ་མེདཔ་ཨིན་རུང་ ད་ཚུན་ ཧ་ལམ་གཏན་འཁེལ་སོང་ཡོད་མི་ འདེམས་ངོ་ཚུ་གི་མིང་ཐོ་ཚུ་ ལྷན་ཚོགས་ལུ་ ཕུལ་ཡི་ཟེར་ཨིནམ་ད་ དེ་མིན་ འདེམས་ངོ་མང་ཤོས་ཅིག་ ད་ལྟོ་ ཞི་གཡོག་ནང་ལས་ དགོངས་ཞུ་མ་འབད་བར་ཡོདཔ་མ་ཚད་ ལ་ལུ་ཅིག་ རྒྱལ་ཡོངས་ཚོགས་སྡེ་ནང་ ཡོདཔ་ཨིན་ཟེར་ཨིན་པས།
འདས་པའི་ཟླཝ་ནང་ སྲིད་ཚོགས་ནང་འཁོད་ལུ་ བཙག་འཐུ་འགོ་འདྲེན་འཐབ་སྟེ་ གནས་སྐབས་ཀྱི་ཁྲི་འཛིན་དང་ ཡོངས་ཁྱབ་དྲུང་ཆེན་ དེ་ལས་ དངུལ་གཉེར་ ནང་འཁོད་རྩིས་ཞིབ་འགོ་དཔོན་ཚུ་ བཙག་འཐུ་འབད་ཡོདཔ་མ་ཚད་ ཚོགས་ཆུང་༡ གཞི་བཙུགས་འབད་ཡོདཔ་ཨིན་པས།
བཙག་འཐུ་དེ་ནང་ འཐུས་མི་༦༢ ཀྱིས་ བཅའ་མར་གཏོགས་ཏེ་ ཚོགས་རྒྱན་བཙུགས་ཐོག་ལས་ འགོ་འདྲེན་འཐབ་ཡོདཔ་ཨིན་པའི་གནས་ཚུལ།


བསམ་གཏན་ཡེ་ཤེས།

No comments:

Post a Comment