གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱ་གར་གྱི་ ཆེ་མཐོའི་འགོ་དཔོན་༤ ལུ་ འབྲུག་ཐུགས་སྲས་རྟགས་མ་གནང་ཡོདཔ།

༡༨/༡༢/༢༠༡༢   ༉ ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ འབྲུག་རྒྱལ་ཁབ་དང་ མི་སྡེའི་དཔལ་འབྱོར་གོང་འཕེལ་ནང་ ལྷན་ཐབས་འབད་མི་ རྒྱ་གར་གྱི་ ཆེ་མཐོའི་འགོ་དཔོན་༤ ལུ་ འབྲུག་ཐུགས་སྲས་རྟགས་མ་གནང་ཡི།
མི་དབང་མངའ་བདག་རིན་པོ་ཆེ་མཆོག་ གཡོན་ཁ་ཐུག་ལས་ རྒྱལ་ཡོངས་གཟེངས་ཐོན་རྟགས་མ་ཐོབ་མི་ བི་ཀེ་ ཅའུ་བེ་དང་ དྲགོས་ཚེ་རིང་དབང་འདུས་ དེ་ལས་ འབྲུག་ཐུགས་སྲས་རྟགས་མ་ཐོབ་མི་ རྒྱ་གར་གྱི་ གཞུང་ཚབ་བགྲེསཔ་ ད་ལིབ་མེ་ཏ་དང་ སྤུ་ན་གཙང་ཆུའི་ འཛིན་སྐྱོང་མདོ་ཆེན་ ར་ཇིན་ད་ར་ནཱཐ་ ཁ་ཟཱན་ཅི་དང་ རྒྱ་གར་གྱི་གཞུང་ཚབ་ པ་ཝཱན་ ཀེ་ བར་མ་ རྒྱ་གར་གྱི་ གཞུང་ཚབ་བགྲེསཔ་ སཱལ་མཱན་ཧའི་དར་ དེ་ལས་ རྒྱལ་ཡོངས་གཟེངས་ཐོན་རྟགས་མ་ཐོབ་མི་ རྒྱལ་མཚན་འབྲུག་པ་ཚུ་དང་ ལྷན་བཞུགས་གནང་པའི་བསྒང་།


དེ་ཡང་ འབྲུག་ལུ་ རྒྱ་གར་གྱི་གཞུང་ཚབ་ པ་ཝཱན་ ཀེ་ བར་མ་གིས་ མི་སྡེའི་དཔལ་འབྱོར་གོང་འཕེལ་གཏང་ཐབས་ལུ་ འབྲུག་རྒྱལ་ཁབ་དང་ མི་སེར་གྱི་ མཐའ་དོན་ལུ་ ཕྱག་ལཱ་གནང་ཡོད་པའི་ ངོས་འཛིན་ལུ་ འབྲུག་ཐུགས་སྲས་རྟགས་མ་གནངམ་ཨིན་ཟེར་ མི་དབང་མཆོག་གིས་ གསུུངས་གནང་ཡི།
རྟགས་མ་འདི་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ ཐུགས་ཀྱི་བརྩེ་བ་དང་ རྒྱ་འབྲུག་གི་ མཐུན་འབྲེལ་རྩ་བརྟན་གྱི་ རྟགས་མཚན་བཟུམ་ཅིག་སྦེ་ རྗེས་སུ་དྲན་འོང་ཟེར་ གཞུང་ཚབ་པ་ཝཱན་ ཀེ་ བར་མ་གིས་ སླབ་ཨིན་པས།
དེ་ལས་ འབྲུག་ལུ་ སྤྱི་ལོ་༡༩༨༠-༡༩༨༣ ཚུན་ རྒྱ་གར་གྱི་ གཞུང་ཚབ་སྦེ་ ཕྱག་ཞུ་མི་ སཱལ་མཱན་ཧའི་དར་དང་ སྤྱི་ལོ་༡༩༩༥-༡༩༩༨ ཚུན་འབད་མི་ རྒྱ་གར་གྱི་ གཞུང་ཚབ་བགྲེསཔ་ ད་ལིབ་མེ་ཏ་༢ ལུ་ཡང་ ཐུགས་སྲས་རྟགས་མ་གནང་མི་དེ་ཡང་ ཁོང་གཉིས་ འབྲུག་ལུ་ རྒྱ་གར་གྱི་ གཞུང་ཚབ་སྦེ་ ཕྱག་ཞུ་བའི་སྐབས་ རྒྱལ་ཁབ་ཀྱི་ མཐའ་དོན་ལུ་ ཕྱག་ལཱ་གནང་མི་གིས་མ་ཚད་པར་ དགོངས་ཞུ་ཚར་བའི་ཤུལ་ལས་ཡང་ འབྲུག་གི་ཆ་རོགས་འཆམ་ཏོག་ཏོ་འབད་བ་ལུ་བརྟེན་ འཕྲོ་མཐུད་དེ་ར་ རྒྱབ་སྐྱོར་འབདཝ་མ་ཚད་ འབྲུག་ལུ་ གཅེས་འཛིན་སྦོམ་བསྐྱེད་ནི་དེ་གིས་ཨིན་པས།
གཞུང་ཚབ་བགྲེསཔ་  སཱལ་མཱན་ཧའི་དར་གྱིས་འབད་བ་ཅིན་ འབྲུག་དང་གཅིག་ཁར་ མཉམ་འབྲེལ་འབད་དེ་ ཡུན་རིང་སོང་བའི་ ངོས་འཛིན་ལུ་ཨིནམ་ལས་ ཁོ་ལུ་ དཔའ་ཉམས་སྦོམ་བྱུང་ཡི་ཟེར་ཨིན་པས།
ད་ལིབ་མེ་ཏ་གིས་ སླབ་མིའི་ནང་ ཁོ་གིས་ འབྲུག་ལུ་ རྒྱ་གར་གཞུང་ཚབ་ལས་ཁང་ནང་ སྤྱི་ལོ་༡༩༧༥ ལུ་ དྲུང་ཆེན་༡ པ་སྦེ་ ཕྱག་ཞུ་མི་ལས་འགོ་བཙུགས་ རྒྱ་འབྲུག་གི་ མཐུན་འབྲེལ་གོང་འཕེལ་གཏང་ནིའི་ནང་ མི་ལོ་༤༠ དེ་ཅིག་གི་རིང་ ལཱ་འབད་ཡོདཔ་བཞིན་དུ་ ད་རིས་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ ཁོ་གི་ འབད་བརྩོན་ལུ་ ངོས་འཛིན་གནང་མི་ལུ་བརྟེན་ ཁ་རྗེ་བཟང་བ་གིས་མ་ཚད་ སེམས་ལུ་དགའ་སྤྲོ་ཚད་མེད་བྱུང་ཡི་ཟེར་ཨིན་པས།
སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་གྱི་ འཛིན་སྐྱོང་མདོ་ཆེན་ ར་ཇིན་ད་ར་ནཱཐ་ ཁ་ཟཱན་ཅི་གིས་ སྤྱི་ལོ་༡༩༩༧ ལས་༢༠༠༩ ཚུན་ དར་ལ་གློག་མེ་ལས་འགུལ་ནང་དང་ སྤྱི་ལོ་༢༠༠༩ ཟླཝ་༤ པའི་ནང་ སྤུ་ན་གཙང་ཆུ་ལས་འགུལ་ནང་ དད་དམ་ལྷད་མེད་ཀྱི་སྒོ་ལས་ ཕྱག་ཞུ་བའི་ ངོས་འཛིན་ལུ་ འབྲུག་གི་ཐུགས་སྲས་རྟགས་མ་གནང་ཡི།
ཁོ་གིས་ སླབ་མིའི་ནང་ འབྲུག་མི་མིན་རུང་ རྒྱལ་ཁབ་ནང་ ལཱ་འབད་བའི་ ངོས་འཛིན་གནང་མི་དེ་ མི་ཚེའི་ནང་ ནམ་ཡང་བརྗེད་མ་ཚུགས་པའི་ ཉིནམ་ཁྱད་འཕགས་ཅན་ཅིག་ཨིན་ཟེར་ཨིན་པས།

རྒྱལ་ཡོངས་གཟེངས་ཐོན་རྟགས་མ།
མི་དབང་མཆོག་གིས་ རྒྱ་འབྲུག་གི་མཐུན་འབྲེལ་རྩ་བརྟན་བཟོ་ནི་ལུ་ ལྷན་ཐབས་འབད་མི་༣ ལུ་ རྒྱལ་ཡོངས་གཟེངས་ཐོན་རྟགས་མ་གནང་ཡི།
མི་དབང་མཆོག་གིས་ གསུངས་མིའི་ནང་ རྒྱ་འབྲུག་གི་ མཐུན་ལམ་འདི་ དམིགས་བསལ་ཅིག་ཨིན་མི་དེ་ཡང་ ཕན་ཚུན་གཉིས་ལུ་ཕན་པའི་ མཛའ་བཤེས་མཐུན་འབྲེལ་དང་ གཞན་དང་མ་འདྲ་བའི་ གོ་བརྡ་དང་ བརྩེ་གདུང་ དེ་ལས་ བློ་གཏད་ཡིད་ཆེས་ལུ་ གཞི་བཞག་སྟེ་ཨིནམ་ད་ འདས་པའི་ལོ་ངོ་བཅུ་ཕྲག་༥ ལྷགཔ་ཅིག་གི་རིང་ལུ་ རྒྱ་གར་གཞུང་དང་ མི་སེར་གྱིས་ འབྲུག་ལུ་ རྒྱབ་སྐྱོར་གང་དྲག་གནང་ཐོག་ལས་ དེང་སང་གོང་འཕེལ་གྱི་ ལམ་ཕྱོགས་ལུ་ ཞུགས་བཅུག་མི་ལུ་ བཀྲིན་དགའ་ཚོར་སྦོམ་ཡོད་ཟེར་ གསུངས་གནང་ཡི།
མི་དབང་མཆོག་གིས་ འཛམ་གླིང་བསྒྱུར་བཅོས་འགྱོ་རུང་ རྒྱ་འབྲུག་གྱི་མཐུན་ལམ་ ལྷག་པར་དུ་ སྒྲིང་སྒྲིང་དང་ ཡར་སྐྱེད་འགྱོ་ཚུགས་པའི་ སྨོན་ལམ་དང་ མཐུན་འབྲེལ་རྩ་བརྟན་བཟོ་ནི་དེ་ འབྲུག་གི་མི་སེར་དང་ གཞུང་ རྒྱལཔོ་གི་ འགན་ཁུར་ཨིན་ཟེར་གསུངས་ཡི།
གསེར་གྱི་རྟགས་མ་དེ་ཡང་ སྤྱི་ལོ་༢༠༠༡ ལས་ དར་ལ་གློག་མེ་ལས་འགུལ་ལས་འགོ་བཙུགས་ ད་ལྟོ་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་ནང་ དངུལ་རྩིས་མདོ་ཆེན་སྦེ་ ཕྱག་ཞུ་མི་ བི་ཀེ་ ཅའུ་བེ་དང་ རྒྱ་གར་ཀཱོལ་ཀ་ཊ་ལུ་ འབྲུག་གི་དོན་གཅོད་སྐུ་ཚབ་ དྲགོས་ཚེ་རིང་དབང་དྲག་ དེ་ལས་ སྤྱི་ལོ་༢༠༠༤ ཟླཝ་༡ པ་ལས་ ཕུན་ཚོགས་གླིང་དང་ བསམ་རྩེ་ བསམ་གྲུབ་ལྗོངས་མཁར་ དགེ་ལེགས་ཕུག་ལུ་ རྒྱ་འབྲུག་མཐུན་འབྲེལ་ཚོགས་པ་གཞི་བཙུགས་འབད་མི་ཅིག་ཨིན་མི་ རྒྱལ་མཚན་འབྲུག་པ་༣ ལུ་གནང་ཡི།
རྒྱལ་མཚན་འབྲུག་པ་གིས་ སླབ་མིའི་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱ་འབྲུག་མཐུན་འབྲེལ་ཚོགས་པ་རྩ་བརྟན་བཟོ་བའི་ ངོས་འཛིན་གནང་མི་དེ་ སེམས་དགའ་དགོཔ་ཅིག་དང་ གཅིག་ལས་ལྟ་བ་ཅིན་ ཐུགས་གཏད་དེ་ འགན་ཁུར་ཐེབས་གནངམ་ཨིནམ་ལས་ འགན་ཁུར་ག་དེ་སྦེ་ འབག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ལང་དགོཔ་ཡང་ བྱུངམ་མས་ཟེར་ཨིན་པས།
ཨིན་རུང་ གོང་མ་གིས་ ཐུགས་གཏད་གནངམ་ད་ ང་རའི་ཁ་ཐུག་ལས་འབད་རུང་ ཧེ་མ་བ་དྲགཔ་སྦེ་ ཕྱག་ཞུ་ནི་གི་ རེ་བ་ཡོད་ཟེར་ དགེ་ལེགས་ཕུག་ལས་ སྐྱེས་ལོ་༧༤ ལང་མི་ རྒྱལ་མཚན་འབྲུག་པ་གིས་ སླབ་ཨིན་པའི་གནས་ཚུལ།


རིག་འཛིན་དབང་ཕྱུག།

No comments:

Post a Comment