གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚད་ནད་དང་ ཌེང་གུ་མར་བབས་སོང་རུང་ ཅི་ཀཱུན་གཱུན་ཡ་ དར་ཁྱབ་འགྱོ་དོ་ཡོདཔ།

༢༠/༡༢/༢༠༡༢   ༉ དུས་ཅི་ ཆུ་ཁ་རྫོང་ཁག་ནང་ ཚ་བ་དྲོད་འབར་གྱི་ནད་གཞི་ཌེང་གུ་ཐོབ་མི་ རྩི་མ་གཤམ་ལུ་ བཟོ་སྐྲུན་གྱི་ལཱ་འབད་མི་ ཕྱི་མི་ཅིག་མ་གཏོགས་ ཚད་ནད་དང་ ཌེང་གུ་ དེ་ལས་ གཞན་ཡང་ ནད་འབུབ་ལུ་བརྟེན་པའི་ ནད་གཞི་ཐོབ་མི་ གཞན་ག་ཡང་ མ་ཐོནམ་ཨིན་པས།


ཌེང་གུ་ཐོབ་མི་ ཕྱིའི་ལས་མི་དེ་ཡང་ རྩི་མ་གཤམ་སྨན་ཁང་ནང་སྦེ་ སྨན་བཅོས་འབད་ཡོདཔ་ཨིན་པས།
ཨིན་རུང་ ཕུན་ཚོགས་གླིང་ལུ་ཡོད་པའི་ ལུང་ཕྱོགས་ནད་འབུབ་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ རྫོང་ཁག་ནང་ལས་ མི་ཚུ་གིས་ རྫོང་ཁག་གཞན་དང་ ཕྱི་རྒྱལ་གྱི་སྨན་ཁང་ཚུ་ནང་ སྨན་བཅོས་འབད་བའི་ གནད་དོན་ཚུ་ འོང་སྲིད་ཟེར་ཨིན་པས།
ཕུན་ཚོགས་གླིང་གི་ ནད་གཞི་བཀག་འཛིན་ལས་ཕྲན་གྱི་ གནས་ཐོ་དང་འཁྲིལཝ་ད་ ན་ཧིང་གི་ལོ་ལུ་ ནད་གཞི་ཌེང་གུ་ཐོབ་མི་༡༣ དང་ ཚད་ནད་ཐོབ་མི་༡༠ ཐོན་ཡོདཔ་ཨིན་པས།
ཧེ་མའི་ལོ་ཚུ་དང་ཕྱདཔ་ད་ སྤྱི་ལོ་༢༠༡༠ ལས་འགོ་བཙུགས་ནད་གཞི་ཐོབ་མིའི་གྱངས་ཁ་དེ་ མར་བབས་སོང་ཡི་ཟེར་ཨིནམ་ད་ སྤྱི་ལོ་༢༠༠༨ ལུ་ ནད་གཞི་ཌེང་གུ་ཐོབ་མི་༣༥ ཐོ་བཀོད་འབད་ཡོདཔ་ད་ སྤྱི་ལོ་༢༠༠༩ ལུ་ ཌེང་གུ་ཐོབ་མི་༢༥༣ དང་ ཚད་ནད་ཐོབ་མི་༥༨ ངོས་འཛིན་འབད་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༠ ལུ་ ནད་གཞི་ཌེང་གུ་ཐོབ་མི་༢༧ ལུ་མར་བབས་སོང་བའི་ཁར་ ཚད་ནད་ཐོབ་མི་༡༧ ལུ་མར་ བབས་སོང་ཡོད་པའི་སྐོར་ལས་ ཆུ་ཁ་རྫོང་ཁག་ནང་ ཐོ་བཀོད་འབད་ཡོདཔ་ལས་ གནས་ཐོ་འདི་དང་འཁྲིལཝ་ད་ ནད་བཀག་ལས་ཕྲན་གྱིས་ མར་བབས་སྦོམ་སྦེ་ར་ སོང་ནུག་ཟེར་ཨིན་པས།
རྫོང་ཁག་གི་ ཚད་ནད་ལྟ་རྟོག་འགོ་དཔོན་ དབང་ཕྱུག་གིས་སླབ་དོ་བཟུམ་འབད་བ་ཅིན་ མི་མང་ལུ་ གོ་བ་བརྡ་སྤྲོད་ཀྱི་ལས་རིམ་ འགོ་འདྲེན་འཐབ་ནི་དེ་གིས་ ཕན་ཐོགས་སྦོམ་བྱུང་ཡོད་པའི་ཁར་ ལྷག་པར་དུ་ གཡུས་སྒོའི་གནས་རིམ་ཚུ་ནང་ཡང་ འདས་པའི་ལོ་ལས་ཚུར་ མར་བབས་རྒྱ་ཆེཝ་སྦེ་ར་ སོང་ཡི་ཟེར་ཨིན་པས།
ཁོ་གིས་སླབ་དོ་བཟུམ་འབད་བ་ཅིན་ གཡུས་མི་ཚུ་མང་ཤོས་ཅིག་གིས་ རང་སོའི་ཁྱིམ་མཐའ་འཁོར་ལུ་ ཆུའི་རིགས་ བསགས་སྡོད་མ་བཅུག་པར་ མཐའ་འཁོར་གནས་སྟངས་ཚུ་ གཙང་སྦྲ་དང་ལྡནམ་སྦེ་ བཞག་མི་ལུ་བརྟེན་ཏེ་ ཨིན་མས་ཟེར་སླབ་ཅི།
དེ་ཡང་ ལས་ཕྲན་གྱིས་ གོ་བ་བརྡ་སྤྲོད་ཀྱི་ལས་རིམ་ཚུ་འགོ་འདྲེན་འཐབ་ཡོདཔ་བཞིན་དུ་ མི་མང་གིས་ ཧ་གོ་མི་ལུ་བརྟེན་ ཨིན་མས་ཟེར་ ཁོ་གིས་སླབ་ཅི།
ཕུན་ཚོགས་གླིང་ ཚད་ནད་བཀག་ཐབས་ལས་ཕྲན་གྱིས་ ད་ཚུན་གྱི་བར་ན་ ཌེན་མཱག་ལས་ནང་འདྲེན་འབད་མི་ གཟན་དོམ་གྱི་ བསིལ་རས་༢༠,༠༠༠ དེ་ཅིག་བགོ་བཀྲམ་འབད་མི་གིས་ ཚད་ནད་དང་ ཌེང་གུ་བཀག་ནི་ལུ་ ཕན་གྲོགས་སྦོམ་ར་ འབད་ཚུགས་ཅི་ཟེར་ འགོ་དཔོན་ཚུ་གིས་བཤདཔ་ཨིན་པས།
འདི་བཟུམ་གྱི་ བསིལ་རས་བགོ་བཀྲམ་འབད་ནི་དེ་ སྤྱི་ལོ་༢༠༠༦ གི་ལོ་ལས་ འགོ་བཙུགས་ཡོདཔ་ད་ ད་རེས་ཀྱི་གནས་སྟངས་ནང་ གཟན་དོམ་གྱི་བསིལ་རས་ཚུ་ ཁྲོམ་ཁར་ལག་ལེན་འཐབ་དོ་ཡོད་མི་གིས་མ་ཚད་ གཡུས་སྒོ་ཚུ་ནང་ཡང་ ལག་ལེན་འཐབ་ནི་ འགོ་བཙུགས་ནུག་ཟེར་ཨིནམ་ད་ དེ་ཡང་ རྒེད་འོག་འགོ་དཔོན་ཚུ་གིས་ཡང་ མི་སྡེའི་གནས་རིམ་ནང་ གོ་བ་བརྡ་སྤྲོད་ཀྱི་རྒྱབ་སྐྱོར་འབད་མི་ལུ་བརྟེན་ ཨིན་པས་ཟེར་ འགོ་དཔོན་ཚུ་གིས་སླབ་ཅི།
ལས་ཕྲན་འགོ་དཔོན་གྱིས་འབད་བ་ཅིན་ ཚད་ནད་ཀྱི་ ནད་གཞི་ཐོབ་མི་ཚུ་ མང་ཤོས་ར་ སྤྱི་ཟླ་༥ པ་ལས་ ༡༡ པ་ཚུན་ ཐོནམ་མས་ཟེར་ཨིན་པས།
རྒྱལ་ཁབ་ནང་ ནད་གཞི་ཌེང་གུ་འགོ་དང་པ་ སྤྱི་ལོ་༢༠༠༤ ལུ་ ཕུན་ཚོགས་གླིང་ལས་ ངོས་འཛིན་འབད་བའི་ཁར་ ཚད་ནད་ཚུ་ སྤྱི་ལོ་༡༩༦༥ ལུ་ ལྷོ་ཕྱོགས་ཀྱི་ས་གནས་ནང་ལས་ ངོས་འཛིན་ཐོག་ ཐོ་བཀོད་འབད་ཡོདཔ་ཨིན་པས།
རྒྱལ་ཁབ་མཐའ་དབུས་མེད་པར་ ནད་གཞིའི་གནས་ཐོ་ ཐོ་བཀོད་འབད་མི་ དགེ་ལེགས་ཕུག་ ལས་རིམ་ཚོགས་སྡེ་གིས་ འབད་བ་ཅིན་ ཚད་ནད་དང་ ཌེང་གུའི་ནད་གཞི་ཐོབ་མི་དེ་ མར་བབས་སྦོམ་སྦེ་ར་སོང་ཡི་ཟེར་ཨིན་པས།
སྤྱི་ལོ་༢༠༠༩ ལུ་ནད་གཞི་ཌེང་གུ་འཐོབ་མི་༣༥༡ ལས་ སྤྱི་ལོ་༢༠༡༠ ལུ་༡༡༦ ལུ་མར་བབས་སོང་བའི་ཁར་ ཚད་ནད་ཐོབ་མི་དེ་ ༢༠༠༩ ལུ་༩༧༢ ཡོད་མི་ལས་ སྤྱི་ལོ་༢༠༡༠ ལུ་༤༣༧ ལུ་མར་བབས་ སོང་ནུག་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་སླབ་དོ་བཟུམ་འབད་བ་ཅིན་ ནད་གཞི་དེ་ ཤུགས་ཆེ་ཤོས་ར་ ལྷོ་ཕྱོགས་རྫོང་ཁག་ཚུ་ནང་ལས་ ཐོནམ་མས་ཟེར་ཨིན་པས།
ནད་འབུབ་ཌེང་གུ་ཁྱབ་སྤེལ་བཏང་མི་ གཟན་དོམ་ཚུ་ མང་ཤོས་ར་ ཁྱིམ་ནང་ན་ལུ་སྦེ་ ཆུ་གཙང་ཏོག་ཏོ་ཚུ་ནང་ སྒོང་རྡོག་བུད་ཐོག་ལས་ ཕྱུག་གུ་བཏོན་མི་ཚུ་ཨིནམ་ད་ ཚད་ནད་སྤེལ་མི་གཟན་དོམ་ཚུ་ གཙང་སྦྲ་མེད་པའི་ཆུའི་ནང་ སྒོང་རྡོག་བུད་ཐོག་ལས་ ཕྱུག་གུ་ཁྱབ་སྤེལ་བཏང་མི་ཚུ་ཨིན་པས།
གཟན་དོམ་ཚུ་གིས་ སོ་བཏབ་པའི་སྐབས་ལུ་ ནད་གཞི་ཐོབ་ཐངས་ ལྷམ་པ་མ་འདྲཝ་འབད་ཡོདཔ་ལས་ ལ་ལུ་ཅིག་ནདཔ་ཐོན་ཏེ་ན་ནི་དང་ ལ་ལུ་ཅིག་ མཁལ་རྡོག་ཚུ་མེདཔ་བཏང་ཐོག་ལས་ ཤི་རྐྱེན་བྱུང་མིའི་ ནད་གཞི་འཚབས་ཆེན་སྦེ་ ཡོདཔ་ཨིན་པས།
ཕུགས་ཚོགས་གླིང་གི་ གསོ་བའི་ལས་བྱེདཔ་ཚུ་ དུས་ཅི་ལོ་ནང་ ནད་གཞི་ཌེང་གུ་དང་ ཚད་ནད་ལྟ་རྟོག་འབད་ནི་མེན་པར་ མི་མང་ཤོས་ཅིག་གིས་ གཟན་དོམ་གྱིས་སོ་བཏབ་སྟེ་ཁྱབ་སྤེལ་བཏང་མིའི་ནད་གཞི་ ཅི་ཀཱུན་གཱུན་ཡ་ཟེར་མི་ཚུ་ བརྟག་དཔྱད་འབད་དགོཔ་ བྱུང་ཡོདཔ་ཨིན་པས།
ནད་གཞི་འདི་གི་དོན་ལུ་ བརྟག་དཔྱད་འབད་བར་ བེང་ཀོག་སྨན་ཁང་ནང་ བཏང་ཡོདཔ་ལས་ དུས་ཅི་ལོ་ནང་ ཁོང་གིས་ ནདཔ་ག་དེམ་ཅིག་ ཞིབ་དཔྱད་འབད་ཡོདཔ་ཨིན་ནའི་སྐོར་ལས་ གནས་ཐོ་ཚུ་བཞག་མ་ཚུགས་ཟེར་ཨིན་པས།
ཅི་ཀཱུན་གཱུན་ཡ་ཟེར་མིའི་ནད་གཞི་དེ་ གཙོ་བོ་ར་ གཟན་དོམ་མོ་ཚུ་ལུ་བརྟེན་ཏེ་ ཁྱབ་སྤེལ་འགྱོ་དོ་ཡོདཔ་ད་ ནད་གཞི་དེ་གིས་ ན་ལུགས་ཚུ་ཡང་ དྲོད་འབར་རྐྱབ་ རྐང་ཚིགས་ལག་ཚིགས་ན་ནི་ མགུ་ཏོ་ན་ནི་ སྤགས་ནད་ཚུ་ ཐོབ་དོ་ཡོདཔ་ཨིན་པས།
ནད་གཞི་འདི་ཐོབ་མི་ཚུ་གིས་ ཉིནམ་༤-༨ ཀྱི་བར་ན་ ངོས་འཛིན་འབད་ཚུགས་པའི་ཁར་ རེ་ཚེ་སྐབས་ ཉིནམ་༢-༡༢ ཀྱི་ནང་འཁོད་ལུ་ ན་ཚ་འདི་ཐོབ་སྟེ་ སྡོད་དོ་ཡོདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment