གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྒོ་ནོར་ཐོན་སྐྱེད་ཚུ་ གོང་འཕེལ་གཏང་ནིའི་དོན་ལུ་ སྤུས་ཚད་ཅན་གྱི་ ཕ་སོན་བཀྲམ་སྤེལ།

༡༣/༡༢/༢༠༡༢   ༉ ཧེ་མ་འབད་བ་ཅིན་ རྒྱལ་ཁབ་ནང་ སྒོ་ནོར་ཐོན་སྐྱེད་ཚུ་ གོང་འཕེལ་གཏང་ནིའི་དོན་ལུ་ སྤུས་ཚད་ཅན་གྱི་ ཕ་གླང་གི་ཐིག་ལེ་དང་ ལི་ཀུཌི་ ནའི་ཊོ་ཇེན་ དེ་ལས་ གཞན་ཡང་ ཅ་ཆས་ལེ་ཤ་ཅིག་ར་ ཕྱིའི་རྒྱལ་ཁབ་ཚུ་ལས་ ནང་འདྲེན་འབད་དགོཔ་ཨིན་རུང་ དེང་སང་ རྒྱལ་ཁབ་གོང་འཕེལ་དང་བསྟུན་ གནས་སྟངས་དེ་ སོ་སོ་ཅིག་ལུ་ གྱུར་ཡོདཔ་ཨིན་པས།
ལྟེ་བའི་འཕྲུལ་ཁང་གི་ལས་བྱེདཔ་ཅིག་གིས་ ལི་ཀུཌི་ནའི་ཊོ་ཇེན་ བཏོན་པའི་བསྒང་།


དེ་ཡང་ ཕ་གླང་གི་ཐིག་ལེ་དང་ ལི་ཀུཌི་ ནའི་ཊོ་ཇེན་ཚུ་ རྒྱལ་ཁབ་ནང་ར་ ཐོན་སྐྱེད་འབད་དོ་ཡོདཔ་ཨིན་རུང་ ཐིག་ལེ་ཚུ་ བའི་བུ་ཚང་ནང་ བཙུགས་པའི་སྐབས་ ལག་ལེན་འཐབ་དགོ་པའི་ ལག་ཤུབས་དང་ གཞན་མི་ཅ་ཆས་དག་པ་ཅིག་ ནང་འདྲེན་འཐབ་བཞིན་དུ་ ཡོདཔ་ཨིན་པས།
ཐིམ་ཕུ་འོད་གསལ་སྤང་ལུ་ཡོད་མི་ རྒྱལ་ཡོངས་སྒོ་ནོར་ཐོན་སྐྱེད་གོང་འཕེལ་ལྟེ་བའི་ ལས་རིམ་མདོ་ཆེན་ ཌོག་ཊར་ ཌི་བི་རའི་གིས་ སླབ་མིའི་ནང་ རྒྱལ་ཁབ་ནང་ ཕ་སོན་གྱི་ཐིག་ལེ་ཚུ་ ཡུན་རིང་གསོག་འཇོག་འབད་ནིའི་དོན་ལུ་ ཁག་ཆེ་དྲགས་ཅིག་ཨིན་མི་ ལི་ཀུཌི་ ནའི་ཊོ་ཇེན་ཐོན་སྐྱེད་འབད་སའི་འཕྲུལ་ཁང་ ཐིམ་ཕུ་ལུ་༡ དང་ བཀྲིས་སྒང་ལུ་༡ ཡོད་ཟེར་ཨིན་པས།
འཕྲུལ་ཁང་ཚུ་གིས་ དུས་ཡུན་ཆུ་ཚོད་རེ་ལུ་ ལི་ཀུཌི་ ནའི་ཊོ་ཇེན་ལི་ཊར་༡༠ རེ་ ཐོན་སྐྱེད་འབད་དོ་ཡོདཔ་ད་ ཐིམ་ཕུའི་འཕྲུལ་ཁང་གིས་ ནུབ་ཕྱོགས་རྫོང་ཁག་དང་ དབུས་ཕྱོགས་རྫོང་ཁག་ཚུ་ནང་དང་ བཀྲིས་སྒང་གི་འཕྲུལ་ཁང་དེ་གིས་ ཤར་ཕྱོགས་རྫོང་ཁག་ཚུ་ལུ་ བཀྲམ་སྤེལ་འབད་དོ་ཟེར་ ཌོག་ཊར་ ཌི་བི་རའི་གིས་ སླབ་ཨིན་པས།
དེ་ལས་ སྤུས་ཚད་ཅན་གྱི་ ཇར་སི་ངོ་མ་དང་ རིགས་སླ་བསྲེས་པའི་ཇར་སི་ བ་རའུན་སུ་འིསི་ངོ་མ་དང་ རིགས་སླ་བསྲེས་པའི་བ་རའུན་སུ་འིསི་ དེ་ལས་ བ་མེན་དང་ ནུབ་གླང་གི་ཕ་གླང་ཚུ་གི་ཐིག་ལེ་ཚུ་ཡང་ ས་ཁོངས་དེ་ནང་ར་ བཏོན་དོ་ཡོདཔ་ཨིན་པས།
ད་རེས་ནངས་པ་ ཕྱིའི་རྒྱལ་ཁབ་ཚུ་ནང་ སྒོ་ནོར་གྱི་རིགས་བརྒྱུད་བདའ་སྟེ་ ལྟ་རྟོག་འབད་ཐོག་ལས་ བསྡུ་ལེན་འབད་མི་ཐིག་ལེ་ཚུ་ ལྟེ་བ་གིས་ མཁོ་སྒྲུབ་འབད་དོ་ཡོདཔ་ཨིན་རུང་ ཤུལ་ལས་ ལམ་ལུགས་དེ་ཡང་ རྒྱལ་ཁབ་ནང་ འགོ་བཙུགས་ནི་ཨིན་ཟེར་ ལས་རིམ་མདོ་ཆེན་གྱིས་ བཤདཔ་ཨིན་པས།
ཐིག་ལེ་ཚུ་བཏོན་ཞིནམ་ལས་ ཆུ་ཤོག་དུང་ཅུང་ ཆུང་ཀུ་འབད་མི་ཚུ་ནང་ ཁ་ལེགས་ཤོམ་སྦེ་བསྡམ་ཐོག་ལས་ ལི་ཀུཌི་ ནའི་ཊོ་ཇེན་ནང་བཙུགས་ཏེ་ གསོག་འཇོག་འབད་དོ་ཡོདཔ་ད་ རྫོང་ཁག་ཚུ་ནང་ དགོས་མཁོ་དང་བསྟུན་ བཀྲམ་སྤེལ་འབད་དོ་ཡོདཔ་ཨིན་རུང་ ལི་ཀུཌི་ ནའི་ཊོ་ཇེན་དེ་ ཉིན་གྲངས་༤༥ དེ་ཅིག་གི་རྒྱབ་ལས་ ཨ་རྟག་ར་ ཚར་རེ་བཀྲམ་སྤེལ་འབད་དོ་ཡོདཔ་ཨིན་པས།
ལས་རིམ་མདོ་ཆེན་གྱིས་ སླབ་མིའི་ནང་ ཕ་གླང་གི་ཐིག་ལེ་ཚུ་ ཚན་རིག་ཐོག་ལས་ མི་གིས་སྦེ་ ནོར་གྱི་བུ་ཚང་ནང་བཙུགས་ནིའི་ཐད་ལུ་ལྷོདཔ་ད་ རྒྱལ་ཡོངས་སྒོ་ནོར་ཐོན་སྐྱེད་གོང་འཕེལ་ལྟེ་བ་དེ་ རང་མགོ་རང་འདྲོངས་ཅིག་ལུ་ གྱུར་སོ་ཡི་ཟེར་ཨིན་པས།
ལྟེ་བ་དེ་གི་འོག་ལུ་ བསམ་རྩེ་ལུ་ ཇར་སི་ཐོན་སྐྱེད་ལས་ཁང་ཅིག་ཡོད་མི་དང་འཁྲིལ་ ཇར་སི་ངོ་མ་དང་ རིག་སླ་བསྲེས་པའི་ཕ་གླང་ཚུ་ མི་སེར་ཚུ་ལུ་ བཀྲམ་སྤེལ་འབད་དོ་ཡོདཔ་ད་ བ་རའུན་ སུ་འིསི་ཕ་གླང་ཚུ་ བུམ་ཐང་བོད་པ་ལ་ཐང་ལས་ དེ་ལས་ ནུབ་གླང་ཚུ་ བཀྲིས་སྒང་གི་ས་གནས་ བཀྲིས་གཡང་ཕུག་དང་ བ་མེན་ཚུ་ བསམ་གྲུབ་ལྗོངས་མཁར་ ཨེ་རོང་དང་ གཞལམ་སྒང་དབང་འདུས་སྒང་ཚུ་ལས་ ཐོན་སྐྱེད་འབད་དོ་ཡོདཔ་ཨིན་པས།
ལྟེ་བའི་ སྒོ་ནོར་སེམས་ཅན་གྱི་ སྐྱེ་རྒྱུན་མཁས་མཆོག་ ཌོག་ཊར་ ལྷམོ་ཚེ་རིང་གིས་ སླབ་དོ་བཟུམ་འབད་བ་ཅིན་ ད་རེས་ནངས་པ་ འགྲུལ་འཁོར་ལམ་ཡོད་སའི་ ས་ཁོངས་ཚུ་ནང་ ཕ་གླང་གི་ཐིག་ལེ་ བཀྲམ་སྤེལ་འབད་དོ་ཡོདཔ་ད་ ས་གནས་གཞན་ཚུ་ནང་ མི་སེར་ཚུ་གི་ དགོས་མཁོ་དང་ དང་འདོད་དང་འཁྲིལ་ ཕ་གླང་ཚུ་ བཀྲམ་སྤེལ་འབད་དོ་ཟེར་ཨིན་པས།
འདས་པའི་ལོ་ཚུ་ནང་ མི་སེར་ཚུ་གི་མཁོ་འདོད་དང་འཁྲིལ་ ཕ་གླང་ཚུ་ བཀྲམ་སྤེལ་འབད་མ་ཚུགས་པའི་ དཀའ་ངལ་སྦོམ་སྦེ་ར་ བྱུང་ཡོདཔ་ཨིན་རུང་ སྤྱི་ལོ་༡༩༩༥ ལས་འགོ་བཙུགས་ ཕ་གླང་ཐོན་སྐྱེད་འབད་ནི་དེ་ དང་འདོད་ཅན་གྱི་ མི་སེར་ཚུ་ལུ་ ཁག་འབག་ཐོག་སྤྲོད་ཡོདཔ་ལས་ ད་རེས་ དཀའ་ངལ་དེ་ མར་ཕབ་འབད་ཚུགས་ཏེ་ཡོད་ཟེར་ ཌོག་ཊར་ ལྷམོ་ཚེ་རིང་གིས་སླབ་ཅི།
སྒོ་ནོར་ཐོན་སྐྱེད་མཁས་མཆོག་ ཌོག་ཊར་ཏིམ་སི་ན་གིས་ བཤད་མིའི་ནང་ ད་རེས་ཀྱི་གནས་སྟངས་ལུ་ལྟ་བ་ཅིན་ ཇར་སི་ངོ་མ་འབད་མི་ ཕ་གླང་བཀྲམ་སྤེལ་གྱི་མཁོ་འདོད་ལས་ བརྒྱ་ཆ་༦༥ ཁག་འབགཔ་སོ་ནམ་པ་ཚུ་གིས་ གྲུབ་དོ་ཡོདཔ་ད་ གཞན་མི་བརྒྱ་ཆ་༣༥ ལུ་ ལྟེ་བ་གིས་ བགོ་བཀྲམ་འབད་དོ་ཡོདཔ་ཨིན་པས།
ཨིན་རུང་ ཁག་འབག་སོ་ནམ་པ་ཚུ་ལས་ ཕ་གླང་ཚུ་ལེན་པའི་སྐབས་ དབྱེ་ཞིབ་ཚུ་ ལེ་ཤ་ཅིག་ར་ འབད་དགོཔ་ཡོདཔ་ད་ གལ་སྲིད་ ལྟེ་བའི་ཁྱད་ཆོས་ཚུ་ ཚང་མ་ཚུགས་པ་ཅིན་ ཆ་མེད་བཏང་བཞགཔ་ཨིན་པས།
ལྟེ་བའི་ལས་རིམ་མདོ་ཆེན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ འཛམ་གླིང་ནང་ བ་མེན་གྱི་ཐིག་ལེ་བཏོན་ཏེ་ གསོག་འཇོག་འབད་མི་རྒྱལ་ཁབ་ འབྲུག་རྐྱངམ་གཅིག་མ་གཏོགས་མེད་ཟེར་ ཨིན་པས།
ཕ་གླང་ཚུ་གི་གྲས་ལས་ ཇར་སི་ངོ་མའི་ ཕ་གླང་ཚུ་གི་དོན་ལུ་ མཁོ་འདོད་མཐོ་དྲགས་སྦེ་ ཐོན་དོ་ཡོདཔ་ད་ བ་རའུན་ སུ་འིསི་ལུ་ མཁོ་འདོད་ཉུང་སུ་ཅིག་ལས་མེདཔ་ཨིན་རུང་ ཕ་གླང་ཚུ་གི་དོན་ལུ་ མཁོ་འདོད་ཚུ་ རང་སོའི་རྫོང་ཁག་བརྒྱུད་དེ་འོངམ་ལས་ རིན་གོང་ཚུ་ རྫོང་ཁག་ཚུ་གིས་ བཏབ་དོ་ཡོདཔ་ལས་ མི་སེར་ཚུ་གིས་ རིན་སྤྲོད་མ་དགོཔ་ཨིན་པས།
ཨིན་རུང་ བ་མེན་གྱི་ཕ་གླང་ཚུ་ འདས་པའི་ལོ་ཚུ་ནང་ གཞུང་གིས་ ལམ་ལུགས་དེ་གི་ཐོག་ལུ་ར་ བཀྲམ་སྤེལ་འབད་ཡོདཔ་ཨིན་རུང་ མི་ཚུ་གིས་ ཕ་གླང་ཚུ་ བདག་མེད་སྦེ་བཞག་མི་ལུ་བརྟེན་ ད་རེས་ གོང་ཚད་ཚུ་ མི་སེར་ཚུ་གིས་ཡང་ བགོ་བཤའ་ཐོག་ལས་ སྤྲོད་དགོཔ་བཟོ་སྟེ་ཡོདཔ་ཨིན་པས།
འགོ་དཔོན་ཚུ་གིས་སླབ་མིའི་ནང་ འགྲོས་ཀྱིས་འབད་ མི་སེར་ཚུ་གིས་ ཕ་གླང་ཚུ་ བདག་འཛིན་ལེགས་ཤོམ་སྦེ་ འཐབ་བཅུག་ནིའི་དོན་ལུ་ ཕ་གླང་གཞན་གྱི་ གོང་ཚད་ཚུ་ཡང་ མི་སེར་ལུ་ བགོ་བཤའ་རྐྱབ་སྟེ་ བཀལ་ནི་ཨིན་ཟེར་ཨིན་པས།
མ་གཞི་ ཕ་གླང་ཚུ་ ཐོན་སྐྱེད་འབད་བའི་སྐབས་ འཛིན་སྐྱོང་གི་ཟད་འགྲོ་ཚུ་ མཐོ་དྲགས་སྦེ་ར་ གནས་དོ་ཡོདཔ་ཨིན་རུང་ མི་སེར་ཚུ་ལུ་ གོང་ཚད་མར་ཕབ་ཀྱི་ཐོག་ལས་ བཙོང་དོ་ཟེར་ཨིན་པས།


ཉི་མ་དབང་འདུས།

No comments:

Post a Comment