གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒཔོ་ཚུ་ལུ་ཡང་ ཞི་གཡོག་གི་ སྡེ་རིམ་བཟོ་དགོ་པའི་གྲོས་འཆར།

༢༦/༡༢/༢༠༡༢   སྡེ་རིམ་མེད་པའི་བསྒང་ལས་ འགྲུལ་འཐུས་ཚུ་ མི་ཐོབ་པས་ཟེར་ དབང་འདུས་ཕོ་བྲང་རྫོང་ཁག་གི་ རྒཔོ་ཚུ་གིས་ སླབ་ཨིན་པས།
༉ དབང་འདུས་ཕོ་བྲང་ རྫོང་ཁག་ཡར་རྒྱས་ཚོགས་འདུའི་ འཐུས་མི་ཚུ་གིས་ ཁོང་གི་ སྡེ་རིམ་དེ་ ཞི་གཡོག་དང་གཅིག་མཚུངས་སྦེ་ བཟོ་དགོ་པའི་སྐོར་ལས་ སྤྱི་ཚོགས་ནང་ གྲོས་གཞི་བཙུགས་ནི་ཨིན་རུང་ སྡེ་རིམ་ག་ཅི་ནང་ དགོ་ནི་ཨིན་ན་ ཁ་གསལ་སྦེ་མེདཔ་ཨིན་པས།
རྒཔོ་ཚུ་གིས་ ཐོབ་ལམ་གྱི་སྐོར་ལས་ གྲོས་བསྡུར་འབད་བའི་བསྒང་།


གནད་དོན་དེ་གི་སྐོར་ལས་ སྤྱི་ཟླ་༡༢ པའི་ཚེས་༢༤ ལུ་ རྫོང་ཁག་ཚོགས་འདུ་ཐེངས་༥ པའི་ནང་ གསུང་གྲོས་བྱུང་ཡོདཔ་ད་ དེ་ཡང་ དྭངས་ཆུ་དང་ སྲས་ཕུག་ ན་ཧི་ ཉི་ཤུ་ དཀར་གཞི་རྒཔོ་ཚུ་གིས་ ཞུ་མིའི་ནང་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་གི་ སྡེ་རིམ་བཟོ་དགོཔ་ ཁག་ཆེ་མི་དེ་ཡང་ སྡེ་རིམ་ཁ་གསལ་ཅིག་ མེད་ནི་དེ་གིས་ ཁོང་གི་ཐོབ་ལམ་ཚུ་ཡང་ མི་ཤེས་པས་ཟེར་ཨིན་པས།
ས་གནས་གཞུང་གི་ འགོ་ཁྲིདཔ་དེ་ རྒཔོ་གིས་གཙོས་པའི་ དམངས་མི་དང་ རྒེད་འོག་ཚོགས་པ་ དེ་ལས་ ཁྲོམ་གྱི་འཐུས་མི་ཚུ་ཨིནམ་ད་ རྒཔོ་དེ་ཚུ་ ད་ལྟོའི་ ཞི་གཡོག་གི་ སྡེ་རིམ་དང་འཁྲིལ་བ་ཅིན་ ག་ཏེ་ཡང་མི་ཚུད་དོ་ཡོདཔ་ཨིན་པས།
ཨ་ཐང་རྒཔོ་ མཁའ་འགྲོ་རྡོ་རྗེ་གིས་འབད་བ་ཅིན་ སྡེ་རིམ་མེད་པའི་བསྒང་ལས་ འགྲུལ་འཐུས་ཡང་ མི་ཐོབ་པས་ཟེར་ཨིནམ་ད་ ག་འཆརཔ་ཟེར་བ་ཅིན་ རྒཔོ་ཚུ་གིས་ རང་སོའི་རྒེད་འོག་དང་ ས་གནས་གཞན་ཁར་ གཞུང་དོན་ལུ་ འགྱོ་བའི་སྐབས་ ཉིན་འཐུས་རྐྱངམ་གཅིག་མ་གཏོགས་ འགྲུལ་འཐུས་འཐོབ་ནི་མེདཔ་ཨིན་པས།
འགོ་ཁྲིདཔ་ཚུ་གིས་འབད་བ་ཅིན་ སྤྱི་ཚོགས་ཀྱི་ འགྲུལ་འཐུས་ཚུ་ ཞི་གཡོག་གི་ སྡེ་རིམ་༢ པའི་ནང་ཡོདཔ་ལས་ ཐོབ་ལམ་ཚུ་ཡང་ ཞི་གཡོགཔ་བཟུམ་སྦེ་ར་ ཐོབ་ནི་འདུག་ཟེར་ཨིནམ་ད་ མ་གཞི་ སྤྱི་ཚོགས་ཀྱི་ འཐུས་མི་དང་ ས་གནས་གཞུང་གི་ འཐུས་མི་ཚུ་ག་ར་ དམངས་གཙོའི་རིང་ལུགས་ཀྱི་ ཁྱད་ཆོས་ལག་ལེན་འཐབ་ཐོག་ལས་ བཙག་འཐུ་གྲུབ་མི་ཨིནམ་ལས་ ཐོབ་ལམ་གྱི་ཐད་ལུ་ལྷོདཔ་ད་ དབྱེ་བ་ཕྱེ་དགོཔ་ཅིག་ མིན་འདུག་ཟེར་ཨིན་པས།
དེ་མ་ཚད་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་ བཙག་འཐུ་གྲུབ་པའི་ཤུལ་ལས་ར་ ཁོང་གི་ཐོབ་ལམ་གྱི་ རིམ་པ་དང་ ཟླ་རིམ་གྱི་དངུལ་ཕོགས་ཀྱི་སྐོར་ལས་ གསུང་གྲོས་གནང་ཡོད་རུང་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་གི་དོན་ལུ་ ག་གིས་ཡང་ ག་ནི་ཡང་མི་འབད་བས་ཟེར་ཨིན་པས།
ཞི་གཡོག་ནང་འབད་བ་ཅིན་ ཞི་གཡོག་སྡེ་རིམ་༨ ལས་ཡར་བཅད་འབད་མི་ཚུ་གིས་རྐྱངམ་གཅིག་ འགྲུལ་འཐུས་ཐོབ་དོ་ཡོདཔ་ད་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་ཡང་ འགྲུལ་འཐུས་སྤྲོད་དགོ་པ་ཅིན་ སྡེ་རིམ་༨ པའི་ནང་ ཚུད་ནི་ཨིན་རུང་ རྒཔོ་ཚུ་གི་ཟླ་རིམ དངུལ་ཕོགས་ དངུལ་ཀྲམ་༡༣,༠༠༠ ལྷགཔ་ཅིག་ ཐོབ་མི་ལུ་བལྟ་བ་ཅིན་ ཞི་གཡོག་སྡེ་རིམ་༡༠ ལས་མར་ ཚུད་ནི་ཨིན་པས།
རྒཔོ་ཚུ་གིས་འབད་ཅིན་ ལོ་བསྟར་བཞིན་དུ་ དངུལ་ཀྲམ་༦,༠༠༠ རེ་ཐོབ་མི་དེ་ གནས་དོན་ག་ཅི་ལུ་བརྟེན་ཨིན་ན་ མི་ཤེས་པས་ཟེར་ཨིནམ་ད་ ཨེལ་ཊི་སི་ཟེར་ ལོ་བསྟར་བཞིན་དུ་ ཟླཝ་༡ གི་ངལ་གསོའི་འཐུས་ ཐོབ་སྲོལ་ཡོད་མི་ལུ་ བལྟ་བ་ཅིན་ དངུལ་ཀྲམ་༡༣,༠༠༠ ལྷགཔ་ཅིག་ ཐོབ་དགོ་ནི་ཨིན་རུང་ དེ་ཡང་ འཐོབ་ནི་མེད་ཟེར་ སླབ་ཨིན་པས།
རྫོང་ཁག་ཚོགས་འདུའི་ཁྲི་འཛིན་ ཕུརཔ་རྣམ་རྒྱལ་གྱིས་སླབ་མིའི་ནང་ དབྱེ་རིམ་བཟོ་བ་ཅིན་ ལམ་ལུགས་བཟུམ་ཅིག་ལུ་ འགྱོ་ནི་ཨིནམ་ལས་ ས་གནས་གཞུང་གི་ ཐོབ་ལམ་ཚུ་གི་སྐོར་ལས་ གསུང་གྲོས་གནང་དགོཔ་ མེད་ཟེར་ཨིན་པས།
དབང་འདུས་རྫོང་བདག་ ལྷུན་གྲུབ་དབང་ཕྱུག་གིས་འབད་བ་ཅིན་ དབྱེ་རིམ་བཟོ་ཚུགས་པ་ཅིན་ རྒཔོ་ཚུ་ ཞི་གཡོག་གི་ སྡེ་རིམ་ག་བཟུམ་ནང་ ཚུད་ནི་ཨིན་ན་ ཤེས་ཚུགས་ནིའི་ གོ་སྐབས་ཡོདཔ་ལས་ མ་འོངས་པ་ལུ་ རྒཔོ་བཙག་འཐུའི་ནང་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་དང་ ཞི་གཡོགཔ་ཚུ་གིས་ཡང་ དོ་འགྲན་འབད་ནི་ལུ་ སྤྲོ་བ་བསྐྱེད་ནི་གི་ འོས་འབབ་ཡོད་རུང་ གཞུང་གིས་ཐུགས་བཞེས་ལེགས་ཤོམ་སྦེ་ གནང་དགོཔ་འོང་ཟེར་ སླབ་ཨིན་པས།
དེ་ལས་ གནད་དོན་གཞན་ཡང་ ངན་པ་དགུ་འཛོམས་དེ་ ཨ་རྟག་ག་ཨིནམ་སྦེ་ གཞུང་གི་ངལ་གསོ་ནང་ བཙུགས་དགོཔ་སྦེ་ ཞུ་ཡོདཔ་ད་ དེ་ཡང་ རུ་སྦིས་སའི་ རྒཔོ་རྒྱལ་མཚན་གྱིས་འབད་བ་ཅིན་ ངན་པ་དགུ་འཛོམས་དེ་ གཞུང་འབྲེལ་བརྩི་སྲུང་མ་འབད་བའི་སྐབས་ སྔར་སྲོལ་ལམ་ལུགས་ཉམས་ནིའི་ ཉེན་ཁ་འདུག་ཟེར་ཨིན་པས།
ད་རེས་ནངས་པ་ ཡིག་ཚང་དང་ ཚོང་ལཱ་འབད་མི་ མང་ཤོས་ཅིག་གིས་ ངན་པ་དགུ་འཛོམས་ཀྱི་སྐོར་ལས་ མི་ཤེས་པས་ཟེར་ རྒཔོ་རྒྱལ་མཚན་གྱིས་ བཤད་ཅི།
རྫོང་བདག་ལྷུན་གྲུབ་དབང་ཕྱུག་གིས་ སླབ་མིའི་ནང་་ ངན་པ་དགུ་འཛོམས་དེ་ བརྩི་སྲུང་མ་འབད་བའི་བསྒང་ལས་ དེ་གི་དགོས་དོན་ཚུ་ཡང་ ཉམས་ནི་ཨིནམ་ལས་ མ་འོངས་བུ་བརྒྱུད་ཚུ་གིས་ དེ་གི་སྐོར་ལས་ ཤེས་ནི་ཕར་བཞག་ རྣ་བ་ཡང་མི་གོ་འོང་ཟེར་ ཨིན་པའི་གནས་ཚུལ།

དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment