གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ས་འོག་ཆུ་ལམ་བཏོན་ནིའི་ལཱ་ དུས་ཚོད་ཁར་མཇུག་བསྡུ་ནི།

༡༡/༡༢/༢༠༡༢   ༉ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་དང་པའི་ ལཱ་ངོ་མ་༣ གྱི་གྲས་ལས་ ས་འོག་གི་ཆུ་ལམ་ ཀི་ལོ་མི་ཊར་༩ ལྷགཔ་ཅིག་ བསལ་ནིའི་ལཱ་དེ་ སྤྱི་ལོ་༢༠༡༤ ཟླཝ་༤ པའི་ནང་ མཇུག་བསྡུ་ནིའི་དོན་ལུ་ རྩ་འགེངས་དོ་ཡོདཔ་ད་ ད་ལྟོ་ ལཱ་བརྒྱ་ཆ་ལས་༦༦ དེ་ཅིག་ མཇུག་བསྡུ་ཡི་ཟེར་ ལས་འགུལ་འགོ་འདྲེན་འཐབ་མི་ གེ་མཱོན་བཟོ་སྐྲུན་ལས་སྡེ་གི་ ལས་འགུལ་འཛིན་སྐྱོང་པ་ བིག་རཱམ་ ཇིཌ་གིས་ སླབ་ཨིན་པས།
ཕྲལ་ཁམས་འགོ་བཙུགས་མི་ སྤུ་ན་གཙང་ཆུ་ལས་འགུལ་༢ པའི་ས་འོག་ཆུ་ལམ།



རིང་ཚད་ཀི་ལོ་མི་ཊར་༩ འབད་མི་ ས་འོག་གི་ཆུ་ལམ་དེ་ གེ་མཱོན་བཟོ་སྐྲུན་ལས་སྡེ་གིས་ ཀི་ལོ་མི་ཊར་༧.༤ དོང་སྤེད་ཚར་ཡོདཔ་ལས་ ད་ལྟོ་ ས་དང་རྡོ་རག་རོག་བཏོན་ནིའི་ལཱ་ཚུ་ འབད་དོ་ཡོདཔ་ཨིན་པས། 
བིག་རཱམ་ ཇིཌ་གིས་སླབ་མིའི་ནང་ རག་རོག་བཏོན་ནིའི་ལཱ་ཚུ་ སྤྱི་ཟླ་༡༡ པའི་ཟླ་མཇུག་ལས་ རྩི་ས་གཏང་ནི་དང་ ལྕགས་བཙུགས་ནིའི་ལཱ་ཚུ་ འགོ་བཙུགས་ཅི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གངས་རི་ལུ་གནས་པའི་རྒྱལ་ཁབ་ནང་ དེ་བཟུམ་མའི་ ས་དོང་སྤེད་ནིའི་ལཱ་དེ་ ཉེན་ཁ་ཅན་ཅིག་ཨིནམ་ད་ དེ་ཡང་ དོང་སྤེད་པའི་སྐབས་ ས་རུད་ཆད་དེ་ ལཱ་འབད་མི་ཚུ་ ས་འོག་ལུ་ཨེབ་ནིའི་ ཉེན་ཁ་ཡོད་རུང་ ད་ཚུན་གྱི་བར་ན་ དེ་བཟུམ་གྱི་རྐྱེན་ངན་ཚུ་ མ་བྱུང་ནི་དེ་གིས་ སེམས་དགའ་ཡི་ཟེར་ཨིན་པས།
ས་འོག་གི་ཆུ་ལམ་དེ་ དུས་ཅི་ སྤྱི་ཟླ་༤ པའི་ནང་ མཇུག་བསྡུ་བའི་ཤུལ་ལས་ རྩི་ས་གཏང་ནི་དང་ ལྕགས་བཙུགས་ནིའི་ལཱ་ འགོ་བཙུགས་མི་དེ་གིས་ ད་ཚུན་གྱི་བར་ན་ ཀི་ལོ་མི་ཊར་༣ དེ་ཅིག་ མཇུག་བསྡུ་ཡོདཔ་ལས་ ལྷག་ལུས་དེ་ཡང་ ལེགས་ཤོམ་སྦེ་ར་ མཇུག་བསྡུ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
རྩི་ས་གཏང་ནིའི་ལཱ་རྐྱངམ་གཅིག་ལུ་ ཉིནམ་རེ་ལུ་ རྡོ་རུག་སྣུམ་འཁོར་ཊཱག་༥༠ དང་༦༠ གི་བར་ན་དང་ རྩི་ས་དོས་༥,༠༠༠ དང་༦,༠༠༠ གི་བར་ན་ དགོ་པས་ཟེར་ཨིན་པས།
རྡོ་ཚུ་ དུས་ཚོད་ཁར་མ་ལྷོད་པ་ཅིན་ ལཱ་གི་གྲུབ་འབྲས་ལུ་ བར་རྐྱེན་རྐྱབ་མས་ཟེར་ཨིནམ་ད་ དེ་ཡང་ བཟོ་སྐྲུན་ལས་སྡེ་གིས་ལེན་མི་ རྡོ་གི་གཏེར་ཁ་ཚུ་ རྒྱལ་གཞུང་རང་བཞིན་གནས་སྟངས་ལྷན་ཚོགས་ཀྱིས་ གནས་སྐབས་ཀྱི་དོན་ལུ་ ལཱ་འབད་མ་ཆོག་པའི་ བཀག་འཛིན་འབད་བའི་སྐབས་ ལཱ་གི་གྲུབ་འབྲས་ལུ་ དུམ་གྲ་ཅིག་ཐོ་ཕོག་རུང་ ཤུལ་ལས་ ཁོང་གིས་ རྡོ་ཚུ་ གཞན་ཁ་ལས་ལེན་ནི་ འགོ་བཙུགས་མི་དེ་གིས་ སྟབས་མ་བདེཝ་སྦོམ་ མ་ཐོན་ཟེར་ཨིན་པས།
ས་འོག་ཆུ་ལམ་བསལ་ནིའི་ལཱ་དེ་ གཞུང་གིས་ དངུལ་ཀྲམ་ས་ཡ་༣,༩༩༩.༤༣ སྦེ་ སྤྲོད་ཡོདཔ་ད་ དེའི་དོན་ལུ་ ལཱ་དེ་ སྤྱི་ལོ་༢༠༠༩ ཟླ་༣ པའི་ཚེས་༢༧ ལས་ འགོ་བཙུགས་ཡོདཔ་ད་ ས་འོག་ཆུ་ལམ་དེ་ སྤུ་ན་གཙང་ཆུ་ནང་ དཔག་ཐོག་ལས་ གློག་མེ་འཕྲུལ་ཨམ་ནང་ གཏང་ནིའི་དོན་ལུ་ཨིན་པས།
དེ་བཟུམ་སྦེ་ སྤུ་ན་གཙང་ཆུ་ལས་འགུལ་༢ པའི་ ས་འོག་ཆུ་ལམ་བཏོན་ནིའི་ལཱ་དེ་ཡང་ འགོ་བཙུགས་ཡོདཔ་ད་ ཀི་ལོ་མི་ཊར་༩ དེ་ཅིག་ བསལ་ནི་ཨིན་མི་ཆུ་ལམ་དེ་ ད་ལྟོ་ དོང་སྤེད་ནིའི་ལཱ་ འགོ་བཙུགསཔ་ཅིག་ཨིནམ་ད་ ལས་འགུལ་༢ པའི་ ལཱ་དེ་ཡང་ གེ་མཱོན་བཟོ་སྐྲུན་ལས་སྡེ་གིས་ འབད་དོ་ཡོདཔ་ཨིན་པས།
ལས་འགུལ་༢ པའི་ ས་འོག་ཆུ་ལམ་ བསལ་ནིའི་ལཱ་དེ་ དངུལ་ཀྲམ་ས་ཡ་༣,༩༨༣.༢༧ གྱི་ཐོག་ལུ་ སྤྲོད་ཡོདཔ་ད་ སྤྱི་ལོ་༢༠༡༡ ཟླ་༦ པའི་ཚེས་༢༦ ལས་ འགོ་བཙུགས་མི་ལཱ་དེ་ སྤྱི་ལོ་༢༠༡༦ ལུ་ མཇུག་བསྡུ་དགོ་ནི་ཨིནམ་ད་ ལས་འགུལ་དང་པ་དང་༢ པའི་ ས་འོག་ཆུ་ལམ་བཏོན་ནིའི་དོན་ལུ་ ལཱ་འབད་མི་༧༠༠ དང་༨༠༠ གི་བར་ན་ཡོདཔ་ད་ འཕྲུལ་ཆས་ལས་བཅད་པ་ཅིན་ ས་དོང་སྤེད་མི་འཕྲུལ་ཆས་སྦོམ་༡༠༠ ལྷགཔ་ཅིག་ ཡོདཔ་ཨིན་པའི་གནས་ཚུལ།



 
དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment