གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སློབ་དཔོན་ཅིག་གིས་ མི་སྡེའི་དཀའ་ངལ་བསལ་ནི་ལུ་ བརྩོན་ཤུགས་བསྐྱེད་དོ་ཡོདཔ།

༤/༡༢/༢༠༡༢   ༉ སློབ་ཕྲུག་ཚུ་ལུ་ ཆོས་ཡོན་ཏན་ སྟོན་ནི་རྐྱངམ་གཅིག་མེན་པར་ མི་སྡེའི་དཀའ་ངལ་བསལ་ནི་ལུ་ཡང་ བརྩོན་ཤུགས་བསྐྱེད་དེ་ ཁས་བླངས་དམ་བཅའ་གི་ཐོག་ལས་ སློབ་ཁང་དང་ རྩེད་ཐང་ དེ་ལས་ གཞན་ཡང་ དགོས་མཁོ་ཆེ་བའི་མཐུན་རྐྱེན་ཚུ་ བཟོ་སྐྲུན་འབད་ཡོདཔ་ཨིན་པས།
སློབ་དཔོན་མཆོད་རྟེན་རྡོ་རྗེ་དང་ སློབ་ཕྲུག་ཨ་ལུ་ཚུ།


དེ་ཡང་ བསམ་གྲུབ་ལྗོངས་མཁར་ཆ་འོག་ སྒོམ་དར་རྒེད་འོག་ དབང་ཕུག་མི་སྡེ་ སློབ་གྲྭའི་སློབ་དཔོན་ མཆོད་རྟེན་རྡོ་རྗེ་འདི་ཨིནམ་ད་ ཁོ་གིས་ སྤྱི་ལོ་༢༠༡༡ ལུ་ མཐའ་ཟུར་གྱི་གཡུས་སྒོ་ཚུ་ནང་ལས་ཕར་སོང་སྟེ་ ལོ་༡ གི་ནང་འཁོད་ སློབ་ཕྲུག་ཚུ་གི་ སློབ་ཁང་༢ དང་ སློབ་ཁང་ནང་ དགོ་པའི་མཐུན་རྐྱེན་ རྐང་ཁྲི་དང་ འབྲི་ཁྲི་ དེ་ལས་ སློབ་གྲྭའི་ཡིག་ཚང་མཁོ་ཆས་ཚུ་ བཟོ་སྐྲུན་འབད་ཡོདཔ་ཨིན་པས།
ལྷག་པར་དུ་ སློབ་གྲྭའི་སློབ་ཕྲུག་ཚུ་ལུ་ ད་ལས་ཕར་ དགོས་མཁོ་ཅན་གྱི་ ཕྱགས་སྙིགས་བླུགས་སའི་ཧོད་དང་ བརྡ་བྱང་ བང་སྒྲོམ་ ཕྱག་སྒམ་ཚུ་ བཟོ་སྐྲུན་འབད་ནིའི་ལས་རིམ་ཚུ་ ཡོདཔ་ཨིན་པས།
སློབ་དཔོན་མཆོད་རྟེན་རྡོ་རྗེ་དེ་ སྤྱི་ལོ་༢༠༠༨ ལུ་ སྤ་རོ་སློབ་དཔོན་སློབ་སྦྱོང་སྤེལ་ཁང་ནང་ལས་ ཨིང་སྐད་དང་ མཐའ་འཁོར་གནས་སྟངས་ཀྱི་ སློབ་སྟོན་པ་སྦེ་ མཐར་འཁྱོལ་བྱུང་ཡོདཔ་ད་ སྤྱི་ལོ་༢༠༡༠ ཚུན་ སྒོམ་དར་འབྲིང་རིམ་སློབ་གྲྭ་བར་མའི་ནང་ སློབ་སྟོན་པ་སྦེ་སྡོད་པའི་ཤུལ་ལུ་ དབང་ཕུག་མི་སྡེ་སློབ་གྲྭ་ནང་ གནས་སོར་སོང་ཡོདཔ་ཨིན་པས།
སློབ་དཔོན་མཆོད་རྟེན་རྡོ་རྗེ་གིས་ སླབ་མི་དང་འཁྲིལཝ་ད་ མི་སྡེ་སློབ་གྲྭ་ནང་ ལྷོད་པའི་ཤུལ་ལུ་ སློབ་གྲྭའི་མཐུན་རྐྱེན་ཚུ་ མཁོ་བསྒྲུབས་འབད་ནིའི་དོན་ལུ་ གཡུས་སྒོའི་མི་སེར་ཚུ་དང་གཅིག་ཁར་ གྲོས་བསྟུན་འབད་ཐོག་ལས་ སློབ་དཔོན་སྡོད་སའི་ཁང་མིག་དང་ སློབ་གྲྭའི་ཁང་མིག་ གསང་སྤྱོད་ དེ་ལས་ སློབ་གྲྭའི་མཐའ་འཁོར་ཚུ་ གཙང་སྦྲ་དང་ལྡནམ་སྦེ་ བཞག་ནིའི་འཆར་གཞི་ཚུ་བཟོ་སྟེ་ རྫོང་ཁག་ཤེས་རིག་སྡེ་ཚན་ལུ་ཕུལ་ཞིནམ་ལས་ རྒྱབ་སྐྱོར་ཚུ་གནང་ཡི་ཟེར་ཨིན་པས།
དེ་དང་འདྲཝ་སྦེ་ སྒོམ་དར་རྒེད་འོག་ནང་ཡང་ རྒེད་འོག་གི་མི་སེར་ཚུ་ལུ་ བརྡ་བསྐུལ་འབད་དེ་ རྒེད་འོག་གི་ཁ་ཐུག་ལས་ ཁྱིམ་བཟོ་སྐྲུན་གྱི་དོན་ལུ་ ཤིང་ཚུ་ གྲོགས་རམ་འབད་ཡོདཔ་མ་ཚད་ རྒྱབ་སྐྱོར་མ་དངུལ་ དངུལ་ཀྲམ་༡༠,༠༠༠ བྱིན་པའི་ཁར་ རྫོང་ཁག་ཤེས་རིག་སྡེ་ཚན་ལས་ ལྕགས་ཤོག་དང་ ལྕགས་གཟེར་ དེ་ལས་ གློག་མེའི་ཐགཔ་ཚུ་གནང་ཡི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ སྤྱི་ལོ་༢༠༡༡ ལུ་ གཡུས་སྒོའི་མི་སེར་ཚུ་ལུ་སླབ་བཞིན་དུ་ སློབ་ཕྲུག་ཚུ་གི་དོན་ལུ་ རྐང་རྩེད་ཕུཊ་བཱོལ་རྩེད་ཐང་དང་ ལག་རྩེད་བཱོལ་ལི་བཱོལ་རྩེད་ཐང་ དེ་ལས་ ཁུ་རུའི་འབའ་སྐྱོར་ཚུ་ ཁས་བླངས་ཐོག་ལས་ བཟོ་སྐྲུན་འབད་ཡི་ཟེར་ཨིནམ་ད་ ཁང་མིག་ཚུ་ བཟོ་སྐྲུན་འབད་ནིའི་དོན་ལུ་ ཤིང་གི་ལས་སྣ་དང་འབྲེལ་བའི་ ལཱ་གཞན་གྱི་རིགས་དང་ ལས་རིམ་ཚུ་ ལེ་ཤ་ཅིག་ར་འབད་ནི་ལུ་ གྲོགས་རམ་འབད་ཡི་ཟེར་ཨིན་པས།
སློབ་དཔོན་མཆོད་རྟེན་རྡོ་རྗེ་གིས་ འབད་བ་ཅིན་ ཤིང་བཟོའི་ལཱ་འབད་ཐངས་ཚུ་ ཁོ་གིས་ མི་སེར་ཚུ་ལུ་སྟོན་བྱིན་ཡོདཔ་ད་ དྲོ་པའི་ཆུ་ཚོད་༨ ལས་ ཕྱི་རུའི་ཆུ་ཚོད་༣ ཚུན་ སློབ་ཕྲུག་ཚུ་ལུ་ ཤེས་ཡོན་སྤྲོད་དེ་ སློབ་གྲྭའི་དུས་ཚོད་ཚང་ཞིནམ་ལས་ མི་སེར་ཚུ་དང་མཉམ་འབྲེལ་ཐོག་ལས་ ཤིང་བཟོའི་ལཱ་འབད་ནི་དང་ ལཱ་གཞན་ཚུ་ འབད་ཡོདཔ་མ་ཚད་ ངལ་གསོའི་སྐབས་ལུ་ཡང་ བཟོ་སྐྲུན་གྱི་ལཱ་ཚུ་ འབད་ཡི་ཟེར་ཨིན་པས།
དེ་སྦེ་ མི་སྡེ་སློབ་གྲྭ་དེ་ནང་ གཞི་རྟེན་མཁོ་ཆས་ཚུ་ གཞི་བཙུགས་འབད་དགོ་པའི་དམིགས་ཡུལ་དེ་ཡང་ གཡུས་སྒོའི་མི་སེར་ཚུ་ དབུལ་ཕོངས་ཀྱི་དཀའ་ངལ་ནང་ ཡོདཔ་མ་ཚད་ གྲོང་གསེབ་ཡང་ མཐའ་ཟུར་གྱི་ས་གནས་ལུ་ཆགས་ཡོདཔ་ལས་ ཨ་ལུ་ཚུ་ སློབ་གྲྭ་ནང་ གཏང་དགོ་མནོ་རུང་ སྒོམ་དར་སློབ་གྲྭ་དེ་ ས་ཐག་རིང་བའི་ཁར་ མ་དངུལ་མེད་མི་ལུ་བརྟེན་ སློབ་གྲྭ་ནང་བཙུགས་མ་ཚུགས་པར་ སྡོད་ནུག་ཟེར་ཨིན་པས།
ང་བཅས་ སློབ་དཔོན་གྱི་འགན་ཁུར་དེ་ སློབ་ཕྲུག་ཚུ་ལུ་ ཡོན་ཏན་བྱིན་ཏེ་ རྒྱལ་ཁབ་ལུ་ ཕྱག་ཕྱིད་ཞུ་ཚུགསཔ་བཟོ་ནི་ རྐྱངམ་གཅིག་གིས་མ་དོ་བར་ རྒྱལ་ཁབ་དང་མི་སེར་ལུ་ རང་གི་འབད་ཚུགས་པའི་ གྲོགས་རམ་དང་ རྒྱབ་སྐྱོར་ཚུ་ འབད་དགོཔ་ཁག་ཆེཝ་ལས་ ད་རེས་དེ་ནང་སྡོད་མི་ མི་སེར་ཉམ་ཆུང་ཚུ་ལུ་ ཞབས་ཏོག་ཞུ་ནི་ལུ་ ཁས་བླངས་འབད་དེ་ བཟོ་སྐྲུན་གྱི་ལཱ་འབདཝ་མ་ཚད་ བཟོ་སྐྲུན་འབད་མི་གཡུས་སྒོའི་མི་སེར་ཚུ་ལུ་ ཟད་འགྲོ་དངུལ་ཀྲམ་༤༠,༠༠༠ དེ་ཅིག་ ཁོ་ར་གིས་ བཏང་ཡི་ཟེར་ཨིན་པས།
ཁོ་གིས་ ལོ་༥ ལས་འགོ་བཙུགས་ སློབ་དཔོན་སློབ་སྦྱོང་མཇུག་མ་བསྡུ་ཚུན་ གཞུང་ཞབས་ལས་ ཡོན་ཏན་སྟོང་མར་གནང་ཡོད་པའི་གུ་ ཟད་འགྲོ་ ས་ཡ་ལས་བཅད་དེ་བཏང་མི་ལུ་ རང་མགོ་རང་འདྲོངས་བཟོ་ཡོདཔ་ལས་བརྟེན་ བཀྲིན་དགའ་ཚོར་དང་ དྲིན་ལན་བཟུམ་ཅིག་སྦེ་ ཁས་བླངས་ཀྱི་ཐོག་ལས་ ཕྱག་ཞུ་དོ་ཟེར་ ཁོ་གིས་སླབ་ཨིན་པས།
སློབ་གྲྭ་དེ་ སྒོམ་དར་འབྲིང་རིམ་སློབ་གྲྭ་བར་མ་ལས་ རྐང་སྟོང་སྦེ་ དུས་ཡུན་ཆུ་ཚོད་༧ ལྷགཔ་ཅིག་འགོར་བའི་ས་གནས་ཁར་ ཆགས་ཡོདཔ་ད་ སློབ་གྲྭ་དེ་ནང་  སློབ་ཕྲུག་༣༠ ཡོད་པའི་ཁར་ བློ་གསར་སློབ་རིམ་ལས་ སློབ་རིམ་༢ པ་ཚུན་ སྐྱེས་ལོ་༧ ལས་༡༨ འབད་མི་ཚུ་ དཔེ་ཆ་ལྷབ་དོ་ཡོདཔ་ཨིན་པས།
སློབ་གྲྭ་དེ་ཆགས་པའི་ཤུལ་ལས་ རྩེདམོ་གི་རིགས་ཚུ་ འགྲན་བསྡུར་འབད་ནིའི་དོན་ལུ་ འགོ་འདྲེན་འཐབ་ཡོདཔ་ལས་ དེ་གིས་ ཕན་ཚུན་གྱི་འབྲེལ་བ་སྦོམ་བྱུང་ཚུགས་པའི་ཁེ་ཕན་འདུག་ཟེར་ཨིན་པས།
ཨིན་རུང་ སློབ་དཔོན་མཆོད་རྟེན་རྡོ་རྗེ་གིས་ ལོ་རེའི་ནང་ སློབ་ཕྲུག་ཡང་ ཡར་སེང་འགྱོ་དོ་ཡོདཔ་ལས་ སློབ་དཔོན་གཅིག་གིས་ འགན་ཁུར་ལེ་ཤ་འབག་སྟེ་ ལཱ་འབད་ནི་དེ་ དོ་འགྲན་ཅན་ཅིག་བྱུང་ཡོདཔ་ལས་ སང་ཕོད་ལས་ སློབ་དཔོན་ཁ་སྐོང་གཉིས་དེ་ཅིག་གནང་ཚུགས་པ་ཅིན་ དཀའ་ངལ་དེ་ བསལ་ཚུགས་ནི་བཟུམ་ཅིག་འདུག་ཟེར་ཨིན་པས།
ད་ཚུན་ སློབ་དཔོན་དེ་གིས་ ཁོ་རའི་ གནས་ཚང་ཡང་ སློབ་དཔོན་འབད་ནི་དེ་གིས་ ཨ་ལུ་དང་གནས་ཚང་ཚུ་ རྒྱབ་ཁར་སྐྱུར་་བཞག་སྟེ་ མི་སྡེ་ལུ་ འདི་བཟུམ་གྱི་ཕན་བདེ་ ཞབས་ཏོག་ཞུ་ཡོདཔ་ཨིན་པའི་གནས་ཚུལ།


 
བཀྲིས་ཕུན་ཚོགས།

No comments:

Post a Comment