གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚོགས་དཔོན་བཙག་འཐུའི་ནང་ ལོག་དོ་འགྲན་འབད་དགོ་པའི་ཞུ་བ།

༡/༡༢/༢༠༡༢   ༉ བཀྲིས་སྒང་རྫོང་ཁག་ རི་ལྡི་དང་ སག་སྟེང་འདེམས་ཁོངས་ཀྱི་ མི་སེར་ཚུ་གིས་ ད་ལྟོ་ གོ་གནས་གུ་ཡོད་མི་ སྤྱི་ཚོགས་ཀྱི་འཐུས་མི་ རྒྱལ་ཡོངས་ཚོགས་འདུའི་ཚོགས་དཔོན་ འཇིགས་མེད་ཚུལ་ཁྲིམས་དེ་ སྤྱི་ལོ་༢༠༡༣ གྱི་ སྤྱི་ཚོགས་ཅན་གྱི་ བཙག་འཐུའི་ནང་ ནན་བསྐྱར་དུ་ དོ་འགྲན་འབད་དགོ་པའི་ ནན་སྐུལ་འབད་ནིའི་དོན་ལུ་ འབྲུག་ཕུན་སུམ་ཚོགས་པའི་ གཙོ་འཛིན་ལུ་ ཞུ་ཡིག་ཅིག་ ཕུལ་ནི་གི་ འཆར་གཞི་བརྩམ་དོ་ཡོདཔ་ཨིན་པས།
ཚོགས་དཔོན་འཇིགས་མེད་ཚུལ་ཁྲིམས་ཀྱིས་ ཁོ་རའི་ འདེམས་ཁོངས་ཀྱི་ མི་སེར་ཚུ་དང་ ཕྱད་པའི་བསྒང་།


དེ་མ་ཚད་ སག་སྟེང་གི་ མི་སེར་དག་པ་ཅིག་གིས་ ཚོགས་དཔོན་ལུ་ ཤུལ་མའི་བཙག་འཐུའི་ནང་ ལོག་འབྲེལ་གཏོགས་གནང་དགོ་པའི་སྐོར་ ཞུ་ཡིག་ཅིག་ བྲིས་ཚར་ཡོདཔ་ཨིན་རུང་ ད་ལྟོ་ མ་ཕུལ་བའི་ཧེ་མར་ སག་སྟེང་གི་ མི་སེར་གཞན་ཚུ་དང་ གྲོས་བསྟུན་འབད་ནི་ཨིན་ཟེར་ སག་སྟེང་ལས་ ནོར་རྫིཔ་ཅིག་ཨིན་མི་ སྐལ་བཟང་ནོར་བུ་གིས་ སླབ་ཨིན་པས།
ཚོགས་དཔོན་གྱིས་ བསྐུལ་བསྒྲགས་སྐབས་ ཁས་ལེན་འབད་མི་ ཡུདཔ་ཅིག་ཆ་མཉམ་ གྲུབ་ཚར་ཡོདཔ་ལས་ མི་སེར་ཚུ་ལུ་ ཕན་ཁྱད་སྦོམ་བྱུང་ཡོད་མི་ལུ་བརྟེན་ ཚོགས་དཔོན་གྱིས་ བཙག་འཐུའི་ནང་ ལོག་འབྲེལ་གཏོགས་གནང་དགོ་ཟེར་ ནོར་རྫིཔ་གཞན་ རྡོ་ཅུང་གྲགས་པ་གིས་ བཤདཔ་ཨིན་པས།
སྐལ་བཟང་ནོར་བུ་གིས་ མེ་རག་དང་ སག་སྟེང་དེ་ འཁོར་ལམ་གྱི་ སྦྲེལ་མཐུད་དང་ གློག་མེ་བཀྲམ་སྤེལ་ལྷོད་ཡོད་མི་དེ་ ཚོགས་དཔོན་གྱི་ གྲུབ་འབྲས་དྲན་རྟགས་ཅན་ཅིག་ཨིན་ཟེར་ སླབ་པའི་ཁར་ འབྱོགཔ་མི་སྡེ་གིས་ འཁོར་ལམ་ལུ་ རེ་བ་བསྐྱེད་དེ་ ལོ་ལེ་ཤ་སོང་ཡི་ཟེར་ སླབ་ཨིན་པས།
དེ་འབདཝ་ད་ ར་ལྡི་གི་ མི་སེར་ཚུ་ ཚོགས་དཔོན་ཁོ་ར་ འབྲུག་ཕུན་སུམ་ཚོགས་པ་ལས་ འདེམས་ངོ་ཕྱིར་བཏོན་འབད་བའི་ མི་མང་གསལ་བསྒྲགས་འབད་ནི་ལུ་ སྒུག་དོ་ཡོདཔ་ད་ ཚོགས་དཔོན་གྱིས་ སྤྱི་ལོ་༢༠༡༣ ལུ་ བཙག་འཐུའི་ནང་ བཅའ་མར་མི་གཏོགས་ནི་ཨིན་པའི་སྐོར་ མི་མང་ལུ་ གསལ་བསྒྲགས་མ་གནང་ཚུན་ཚོད་ ང་བཅས་ཀྱིས་ ལོག་དོ་འགྲན་འབད་གནང་ཟེར་ ཞུ་བ་མི་འབད་ཟེར་ ར་ལྡི་ལས་ གྲོང་གསེབ་མི་སེར་ སྐལ་བཟང་ཚེ་རིང་གིས་ སླབ་ཨིན་པས།
ཚོགས་དཔོན་གྱིས་ བཙག་འཐུའི་ནང་ དོ་འགྲན་མི་འབད་ཟེར་ གསལ་བསྒྲགས་འབད་ཞིནམ་ལས་ ཁོ་ལུ་ མཙག་འཐུའི་ནང་ འབྲེལ་གཏོགས་གནང་དགོཔ་སྦེ་ ཡིག་ཐོག་དང་ ཡང་ཅིན་ མི་ངོ་སྦེ་ ཞུ་བ་འབད་ནི་ཟེར་ ཁོ་གིས་ སླབ་ཨིན་པས།
སྐལ་བཟང་ཚེ་རིང་གིས་འབད་བ་ཅིན་ ཚོགས་དཔོན་འཇིགས་མེད་ཚུལ་ཁྲིམས་ཀྱིས་ ར་ལྡི་གི་ གཡུས་ཚན་ཚུ་ནང་ ལེགས་བསྒྱུར་ལེ་ཤ་འབག་འོང་ཡོདཔ་ལས་ ཤུལ་མའི་བཙག་འཐུའི་ནང་ བཅའ་མར་གཏོགས་གནང་དགོཔ་སྦེ་ ཞུ་བ་ཕུལ་ནི་ཟེར་ཨིནམ་ད་ མི་སེར་ཚུ་ལས་ཡང་ ཚོགས་དཔོན་ལུ་ རྒྱབ་སྐྱོར་ཡོད་ཟེར་ ཨིན་པས།
ཨིན་རུང་ མེ་རག་དང་ ཕོངས་མེད་ལུ་ མི་སེར་ཚུ་གིས་ སང་ཕོད་ཀྱི་ བཙག་འཐུའི་སྐོར་ལས་ ལོ་རྒྱུས་སླབ་ནི་ འགོ་མ་བཙུགསཔ་ལས་ ཚོགས་དཔོན་ལུ་ བཙག་འཐུའི་ནང་ དོ་འགྲན་ལོག་འབད་དགོ་པའི་ ཞུ་བསྐུལ་འབད་ནི་གི་ གྲ་སྒྲིག་ཡང་མེདཔ་ཨིན་པས།
མེ་རག་ལས་ ནོར་རྫིཔ་བླམ་རིན་ཆེན་གྱིས་ སླབ་མིའི་ནང་ ད་རེས་ནངས་པ་ སྲིད་དོན་ཚོགས་པ་༥ དེ་ཅིག་ ཐོན་དོ་ཡོད་པའི་ ལོ་རྒྱུས་གོཝ་ཨིན་རུང་ མི་སེར་ཚུ་གིས་ སྲིད་དོན་ལྕོགས་གྲུབ་ཅན་དང་ ཁས་བླངས་གསལ་བསྒྲགས་ཚུ་དང་འཁྲིལ་ ཚོགས་རྒྱན་བཙུགས་འོང་ཟེར་ཨིན་པས།
ད་རེས་ནངས་པ་ འདེམས་ཁོངས་ནང་ ལྟ་སྐོར་འབད་བའི་བསྒང་ཡོད་མི་ ཚོགས་དཔོན་འཇིགས་མེད་ཚུལ་ཁྲིམས་ཀྱིས་ སླབ་མིའི་ནང་ ཁོ་རའི་འདེམས་ཁོངས་ ར་ལྡི་དང་ སག་སྟེང་ མེ་རག་ ཕོངས་མེད་རྒེད་འོག་ཚུ་གི་ མི་སེར་ཚུ་གིས་ ཁོ་ལུ་ སྤྱི་ལོ་༢༠༡༣ གྱི་ བཙག་འཐུ་ཚུ་ནང་ ལོག་དོ་འགྲན་འབད་དགོ་པའི་ ཨུ་ཚུགས་བསྐྱེད་བཞིན་དུ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཤུལ་མའི་ སྤྱི་ཚོགས་ཅན་གྱི་ བཙག་འཐུ་འབད་ནི་ལུ་ དུས་ཡུན་ཟླཝ་༥ ལྷགཔ་ཅིག་ཡོདཔ་མ་ཚད་ ཁོ་གིས་ སང་ཕོད་ཀྱི་ བཙག་འཐུའི་ནང་ བཅའ་མར་མི་གཏོགས་ནི་སྦེ་ ཐག་བཅད་མི་ལུ་ ཚོགས་པ་གིས་ ངོས་ལེན་འབད་འབདཝ་མེདཔ་ལས་ སྐབས་ཐོབ་ཅིག་ བསྒུག་དགོཔ་སྦེ་ སླབ་ཅི་ཟེར་ ཚོགས་དཔོན་གྱིས་ སླབ་ཨིན་པས།
མི་ངོ་རྐྱང་ཚུ་ལས་ སྲིད་ཚོགས་དེ་ གལ་ཆེ་ནི་ཨིནམ་ལས་ ངོ་རྐྱང་ཚུ་ འབྲེལ་གཏོགས་མ་འབད་རུང་ མི་སེར་ཚུ་གིས་ ཚོགས་པ་ལུ་ འཕྲོ་མཐུད་དེ་ར་ རྒྱབ་སྐྱོར་འབད་དགོ་ཟེར་ ཚོགས་དཔོན་འཇིགས་མེད་ཚུལ་ཁྲིམས་ཀྱིས་ སླབ་ཨིན་པའི་གནས་ཚུལ།


 
རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment