གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ནཱ་ཧི་རྒེད་འོག་གི་དོན་ལུ་ རྩྭ་ཆག་བཟོ་ནི་གི་ འཕྲུལ་ཆས་རྒྱབ་སྐྱོར།

༡༠/༡༢/༢༠༡༢   རྒྱལ་ཁབ་རང་མགོ་རང་འདྲོངས་སྦེ་ གནས་དགོ་པ་ཅིན་ དང་པ་ར་ རང་གི་གཡུས་ཁ་ལས་ཐོན་མི་ སོ་ནམ་དང་ སྒོ་ནོར་ཐོན་སྐྱེད་ཚུ་གིས་ རང་ལངམ་སྦེ་ བཟོ་དགོཔ་གལ་ཆེཝ་ཨིན་པས།

༉ འཕྲལ་ཁམས་ཅིག་ཁར་ སོ་ནམ་བློན་པོ་ ཌོག་ཊར་པདྨ་རྒྱ་མཚོ་གིས་ དབང་འདུས་ཕོ་བྲང་རྫོང་ཁག་ ནཱ་ཧི་རྒེད་འོག་གི་ སྒོ་ནོར་སེམས་ཅན་ གསོ་སྐྱོང་འཐབ་མི་ཚུ་གིས་ རྒེད་འོག་གི་དོན་ལུ་ རྩྭ་ཆག་བཟོ་ནི་གི་ འཕྲུལ་ཆས་ཅིག་དགོ་པའི་ ཞུ་བ་ཕུལ་མི་དེ་ལུ་ ངོས་ལེན་མཛད་གནང་ཡི།
སོ་ནམ་བློན་པོ་ ཌོག་ཊར་པདྨ་རྒྱ་མཚོ་གིས་ ནཱ་ཧི་རྒེད་འོག་ནང་ གཟིགས་སྐོར་གནང་པའི་བསྒང་།


དེ་ཡང་ སྒོ་ནོར་གསོ་སྐྱོང་འཐབ་མི་ཚུ་གི་གྲས་ལས་ ཚེ་རིང་དབང་ཕྱུག་གིས་ ཞུ་མིའི་ནང་ རྒེད་འོག་ནང་ རྩྭ་ཆག་བཟོ་ནིའི་འཕྲུལ་ཆས་ཅིག་ཡོད་པ་ཅིན་ འཕྲལ་ཁམས་ཅིག་ཁར་ རྒེད་འོག་ནང་ སྒོ་ནོར་གསོ་སྐྱོང་ཚོགས་ཆུང་ གཞི་བཙུགས་འབད་མི་ལུ་ རྫོང་ཁག་གཞན་ཁ་ལས་ རྩྭ་ཆག་ཉོ་མ་དགོ་པར་ རྒེད་འོག་ནང་འཁོད་ལས་ར་ ཐོན་སྐྱེད་འབད་ཚུགས་པའི་ གོ་སྐབས་འདུག་ཟེར་ཨིནམ་ད་ དེ་ལུ་བརྟེན་ མི་སེར་གྱི་འོང་འབབ་ཡང་ བཟོ་ཚུགས་ནི་མས་ཟེར་ཨིན་པས།
དེ་མ་ཚད་ ལོ་ཐོག་ཚུ་ རི་དྭགས་སེམས་ཅན་ཚུ་ལས་ བསྲུང་ནིའི་དོན་ལུ་ གློག་ཐག་གནང་ཐབས་ཡོད་པ་ཅིན་ཟེར་ ཞུ་བའི་ལན་ལུ་བློན་པོ་གིས་ གློག་ཐག་དེ་ ཁྱིམ་དགུང་པ་རེ་རེ་བཞིན་དུ་ལུ་མིན་པར་ གཡུས་ཚན་ར་ རཝ་རྐྱབ་ནི་ཨིན་པ་ཅིན་ གཞུང་གིས་གནང་སྲོལ་ཡོད་ཟེར་ཨིནམ་ད་ དེ་མིན་ ཁྱིམ་དགུང་པ་རེ་རེ་ རཝ་རྐྱབ་ནི་ཨིན་པ་ཅིན་ ཟད་འགྲོ་སྦོམ་གནས་ནི་ཨིནམ་ལས་ གཞུང་གིས་གནང་མི་ཚུགས་ཟེར་ཨིན་པས།
དེ་ལས་ གནོད་དོན་གཞན་ཡང་ སྒོ་ནོར་གསོ་སྐྱོང་ཚོགས་ཆུང་གི་དོན་ལུ་ ཚོ་སྐོར་ཐང་ཀ་གཡུས་ཚན་ལས་ ཁུ་བྱུག་ལ་ཁ་རྒེད་འོག་ལྟེ་བ་ཚུན་ སོ་ནམ་ཞིང་ལམ་ ཀི་ལོ་མི་ཊར་༣ དེ་ཅིག་དང་ ཧ་ལི་གཡུས་ཚན་གྱི་ ཞིང་ལམ་སེལ་འཕྲོ་ཡོད་མི་ཚུ་ བསལ་གནང་པ་ཅིན་མི་སྡེ་ལུ་ ཕན་ནི་མས་ཟེར་མི་ལུ་ བློན་པོ་གིས་འབད་བ་ཅིན་ དབྱེ་ཞིབ་འབད་ནི་ཟེར་གསུངས་ཡི།
དབང་འདུས་རྫོང་བདག་ ལྷུན་གྲུབ་དབང་ཕྱུག་གིས་འབད་རུང་ གཞུང་གི་སྲིད་བྱུས་དང་འཁྲིལ་བ་ཅིན་ འཆར་གཞི་༡༡ པའི་ནང་ ད་རེས་ཡོད་པའི་ སོ་ནམ་ཞིང་ལམ་ཚུ་ རྒྱ་བསྐྱེད་འབད་ནི་མ་གཏོགས་ གསརཔ་བསལ་ནི་མེདཔ་ལས་ མི་སེར་ཚུ་གིས་ཞུ་མི་དེ་ གནང་ཐབས་ཡོད་པ་ཅིན་ དཀའ་ངལ་བསལ་ཚུགས་ནི་མས་ཟེར་ཨིནམ་ད་ གལ་སྲིད་ ཞིང་ལམ་དེ་ དུས་ཅི་ར་ བཏོན་མ་ཚུགས་པ་ཅིན་སང་ཕོད་ལས་ བཏོན་ཚུགས་པའི་ གོ་སྐབས་མིན་འདུག་ཟེར་ཨིན་པས།
བློན་པོ་གིས་གསུངས་མིའི་ནང་ ད་རེས་ནངས་པ་ རྒྱལ་ཁབ་ཡར་རྒྱས་འགྱོ་བའི་ནམ་དུས་ལུ་ མི་སེར་ཚུ་གིས་ དང་ཕུའི་མནོ་ལུགས་བཟུམ་མིན་པར་ མི་སྡེའི་དཔལ་འབྱོར་ཡར་དྲག་གཏང་ནི་ལུ་ གཙོ་བོར་བཏོན་དགོཔ་འདུག་ཟེར་ཨིནམ་ད་ དེ་ཡང་ ག་དེ་སྦེ་འབད་ནི་ཨིན་ན་ཟེར་བ་ཅིན་ མི་ཚུ་གིས་ བྱ་དང་ཕགཔ་ དེ་ལས་ ཉ་གསོ་སྐྱོང་ཁང་ཚུ་ གཞི་བཙུགས་འབད་དེ་ ཚོང་འབྲེལ་འཐབ་དགོ་ཟེར་ཨིན་པས།
འབྲུག་མི་ཚུ་གིས་ ཤ་བཟའ་ནི་ལུ་ སྤྲོ་བ་སྦོམ་ཡོད་རུང་ ཤའི་དོན་ལུ་ སེམས་ཅན་གསོ་ནི་དེ་ སྡིག་པའི་ལཱ་ཨིན་མས་ཟེར་མནོ་སྟེ་ ལཱ་མ་འབད་བ་ཅིན་ ད་རེས་ནངས་པ་ ཤའི་རིགས་ཚུ་ ཕྱི་ཁར་ལས་ ནང་འདྲེན་འབད་མི་ ཤ་རིགས་ཚུ་ཡང་ རྒྱལ་ཁབ་ནང་ཡོད་པའི་ སེམས་ཅན་ཚུ་བཟུམ་ར་ཨིནམ་ལས་ ཁོང་ཡང་ དམར་བསད་འབད་དེ་ར་ ནང་ན་ལྷོད་དོ་ཟེར་ཨིནམ་ད་ བཟའ་མི་མེད་པ་ཅིན་ བསད་མི་ཡང་མི་འོང་ཟེར་ཨིན་པས།
ནང་འདྲེན་འབད་མི་ ཤ་ཚུ་ཡང་ སེམས་ཅན་ཚུ་གིས་ ཤོག་ཀུ་དང་ རག་རོག་ལ་སོགས་པ་ཚུ་ བཟའ་བའི་ཁར་ ཉ་སྐམ་ནང་འདྲེན་འབད་མི་ཚུ་ཡང་ ག་དེ་སྦེ་ སྐམ་དོ་ཡོདཔ་ཨིན་ན་ ག་གིས་ཡང་ མ་ཤེས་ནི་དེ་གིས་ གཟུགས་ཁམས་ལུ་ གནོད་སྐྱོན་འབྱུང་ནིའི་ ཉེན་ཁ་འདུག་ཟེར་ཨིན་པས།
བློན་པོ་གིས་འབད་བ་ཅིན་ རྒྱལ་ཁབ་རང་མགོ་རང་འདྲོངས་སྦེ་ གནས་དགོ་པ་ཅིན་ དང་པ་ར་ རང་གི་གཡུས་ཁ་ལས་ཐོན་མི་
སོ་ནམ་ཐོན་སྐྱེད་ཚུ་གིས་ རང་ལངམ་སྦེ་ བཟོ་དགོ་པའི་ཁར་ རྒྱལ་ཁབ་ནང་འཁོད་ལས་ཐོན་མི་གིས་ རྒྱལ་ཁབ་ཀྱི་ མཁོ་འདོད་བསྒྲུབ་ཚུགསཔ་འབད་དགོ་ནི་ཨིན་རུང་ ད་རེས་ སོ་ནམ་ཐོན་སྐྱེད་ཚུ་ཡང་ ཕྱི་ཁར་ལས་ ནང་འདྲེན་འབད་བའི་སྐབས་ རང་དགོ་རང་འདྲོངས་ཀྱི་ སྲིད་བྱུས་གྲུབ་མི་ཚུགས་ཟེར་ཨིན་པས།
སོ་ནམ་བློན་པོ་ པདྨ་རྒྱ་མཚོ་གིས་ ནཱ་ཧི་རྒེད་འོག་ལས་ མི་གྲངས་༡༠༠ དེ་ཅིག་དང་གཅིག་ཁར་ དུས་ཡུན་༣ ལྷགཔ་ཅིག་གི་རིང་ གསུང་གྲོས་གནང་ཡོད་པའི་གནས་ཚུལ།



དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment