གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྔར་སྲོལ་ལམ་ལུགས་རྒྱུན་གནས་དོན་ལུ་ བརྩོན་ཤུགས་བསྐྱེད་དོ་ཡོདཔ།

མོམ་རིང་གཡུས་ཚན་གྱི་ ཚེས་བཅུའི་འཆམ་ཚུ་ ཐིམ་ཕུ་ལུ་
སྦྱང་བ་འབད་བའི་བསྒང་།

 ༣/༡༢/༡༢། ༉ རང་སོའི་གཡུས་སྒོ་གི་ སྔར་སྲོལ་ལམ་ལུགས་བཟང་པོ་ཚུ་ རྒྱུན་མ་ཆད་པར་ མ་འོངས་བུ་བརྒྱུད་ཚུ་ལུ་ སྤེལ་ཐབས་ཀྱི་དོན་ལས་ གཡུས་མི་དང་ གཞུང་གཡོགཔ་ དེ་ལས་ སྒེར་སྡེ་ནང་ ལཱ་འབད་མི་ སྡེ་ཚན་ཅིག་གིས་ ད་རེས་ནངས་པ་ ཐིམ་ཕུ་ལུ་སྦེ་ ཕྱི་རུ་ཨ་རྟག་ར་ འཆམ་དང་ཞབས་ཁྲའི་སྦྱང་བ་ཚུ་ འབད་དོ་ཡོདཔ་ཨིན་པས།

དེ་ཡང་ བསམ་གྲུབ་ལྗོངས་མཁར་ཆ་འོག་ ཇོ་མོ་གཙང་ཁ་ ལའུ་རི་རྒེད་འོག་ མོམ་རིང་གཡུས་ཚན་ལས་ ཐིམ་ཕུ་ལུ་སྡོད་མི་ ཕོ་སྐྱེས་དང་ ཨམ་སྲུ་བསྡོམས་༢༠ ལྷགཔ་ཅིག་གིས་ ཕྱི་རུའི་ཆུ་ཚོད་༦ ལས་༡༠ ཚུན་ ཐིམ་ཕུ་རྒྱལ་གཞུང་གསོ་རིག་དང་ཚན་རིག་སྤེལ་ཁང་གི་ ས་ཁོངས་ནང་སྦེ་ སྦྱང་བ་འབད་དོ་ཡོདཔ་ཨིན་པས།


ཁོང་ཆ་ཁྱབ་ཀྱིས་ སྤྱི་ལོ་༢༠༡༡ ལས་ འགོ་བཙུགས་ཏེ་ མོམ་རིང་གཡུས་ཚན་གྱི་ ལོ་བསྟར་ཚེས་བཅུའི་སྐབས་ལུ་ འཆམ་དང་ ཞབས་ཁྲ་ཚུ་ སྤྱན་འབུལ་ཞུ་དོ་ཡོདཔ་ཨིན་པས།

དུས་ཅི་ཡང་ སྤྱན་འབུལ་ཞུ་ནིའི་དོན་ལུ་ སྤྱི་ཟླ་༡༡ པའི་ཚེས་༡༤ ལས་ སྦྱང་བ་འབད་ནི་ འགོ་བཙུགས་ཡོདཔ་བཞིན་དུ་ སྤྱི་ཟླ་༡༢ པའི་ཚེས་༢༡ ཚུན་ སྦྱང་བ་འབད་ནི་ཨིནམ་ད་ ལོ་བསྟར་ཚེས་བཅུ་དེ་ སྤྱི་ཟླ་༡༢ པའི་ཚེས་༢༧ ལས་༢༩ ཚུན་ཨིན་པས།


འགོ་འདྲེན་འཐབ་མིའི་གཙོ་འཛིན་ བཀྲིས་བསྟན་འཛིན་གྱིས་ སླབ་མི་དང་འཁྲིལཝ་ད་ དེ་སྦེ་ འགོ་འདྲེན་འཐབ་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ གཏེར་སྟོན་པདྨ་གླིང་པའི་ གཏེར་འཆམ་ཚུ་ མི་རབས་ལས་བཅད་དེ་ གནང་སྲོལ་ཡོད་མི་དེ་ ད་རེས་ནངས་པ་ དུས་ཀྱི་འགྱུར་བ་དང་བསྟུན་ ཉམས་ནིའི་གུ་ལྷོད་ཡོདཔ་ལས་ མི་ཉམས་གོང་འཕེལ་གཏང་ནི་དང་ ཉམས་པ་སོར་ཆུད་ འབད་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།


མོམ་རིང་གཡུས་ཚན་ནང་ ལོ་ངོ་༦༠༠ ལྷགཔ་ཅིག་ལས་ འགོ་བཙུགས་ཏེ་ཡོད་མི་ བྱིན་རླབས་ཅན་གྱི་ ཚེས་བཅུའི་གར་འཆམ་ཚུ་ ད་རེས་ནངས་པ་ གཡུས་སྒོ་དེ་ནང་ ན་གཞོན་ཚུ་མེདཔ་ལས་ སྐྱེས་ལོ་༦༠ ལས་༨༠ འི་ བར་ན་འབད་མི་ ཕམ་རྒན་རྒས་ཚུ་གིས་ རྩ་འགེངས་ཏེ་ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་སྟེ་འབད་རུང་ གར་འཆམ་ཚུ་ རྐྱབ་མ་ཚུགས་པའི་ཁར་ ལྟདམ་ལྟ་མི་ཚུ་ཡང་ འོང་ནི་མེདཔ་ལས་ བྱ་ཐབས་མེད་པར་ གཞུང་གཡོགཔ་དང་ གཞན་ལས་སྡེ་ཚུ་ནང་ ལཱ་འབད་མི་ཚུ་ལུ་ འགན་ཁུར་ཕོག་ཅི་ཟེར་ཨིན་པས།


དེ་བཟུམ་སྦེ་ གཞུང་གི་སྲིད་བྱུས་དང་འཁྲིལ་རུང་ རང་སོའི་ གཡུས་ཚན་གྱི་ ལམ་སྲོལ་བཟང་པོ་ཚུ་ རྒྱུན་མ་ཆད་པར་བཞག་ནི་དེ་ཨིནམ་ལས་ གཡུས་མི་དང་ གཞུང་གཡོགཔ་ དེ་ལས་ སྒེར་སྡེ་ཚུ་ནང་ ལཱ་འབད་མི་ཚུ་གིས་ གྲོས་བསྟུན་ཐོག་ལས་ ལོ་༣ ཚུན་ ཚེས་བཅུའི་གར་འཆམ་ཚུ་ སྤྱན་འབུལ་ཞུ་ནི་སྦེ་ ཁས་བླངས་འབད་ཡི་ཟེར་ ཁོ་གིས་ སླབ་ཨིན་པས།


ལོ་༣ གྱི་རིང་ལུ་ དཔེ་སྟོན་བཟུམ་ཅིག་སྦེ་ ཕྱག་ཞུ་མི་དེ་གིས་ ད་ལས་ཕར་ ཡུན་བརྟན་སྦེ་ མ་འོངས་པའི་ན་གཞོན་ཚུ་གིས་ འགན་ཁུར་འབག་ཚུགསཔ་ བཟོ་ནི་ཨིན་ཟེར་ཨིན་པས།


ལྷག་པར་དུ་ ཁོང་ཆ་ཁྱབ་ལའུ་རི་རྒེད་འོག་ འཇོམས་པ་སློབ་གྲྭ་ཆུང་བ་དེ་ནང་ དཔེ་ཆ་ལྟ་སྡོད་པའི་སྐབས་ ཕམ་ཚུ་གིས་ སློབ་གྲྭའི་དོས་སྐྱེལ་འདྲེན་འབད་ཡོདཔ་ད་ དེ་ཡང་ ཇོ་མོ་གཙང་ཁ་དྲུང་ཁག་ལས་ རྐང་སྟོང་སྦེ་ ཉིན་ལམ་༥ འགོར་བའི་ས་གོ་ལས་ དཀའ་སྡུག་ཚད་མེད་མྱོང་ཡོདཔ་ལས་ ད་རེས་ནངས་པ་ གཞུང་གཡོག་ནང་ ཕྱག་ཞུ་མི་ཚུ་གིས་ ཕམ་ཚུ་ལུ་ དྲིན་ལན་འཇལ་དོ་བཟུམ་ཅིག་ ཨིན་ཟེར་ཨིན་པས། 


འཆམ་དཔོན་སློབ་བསྟན་འཛིན་དབང་ཕྱུག་གིས་ འབད་བ་ཅིན་ རང་སོའི་གཡུས་སྒོ་ཚུ་ནང་ སྔོན་བྱོན་རྒྱལ་བ་གོངམ་ཚུ་གིས་ མཛད་བཞག་མི་ གར་འཆམ་རྩ་ཅན་ཚུ་ ད་རེས་ནངས་པའི་ བུ་བརྒྱུད་ཚུ་ལུ་ རྩིས་སྤྲོད་གནངམ་ད་ བདག་འཛིན་མ་འཐབ་པ་ཅིན་ ཉམས་ནིའི་ཉེན་ཁ་སྦོམ་ཡོད་ཟེར་ སླབ་ཨིན་པས།


གཞུང་གཡོགཔ་ཚུ་གི་གྲས་ལས་ འཆམ་གཉེར་གྱི་ འགན་ཁག་འབག་མི་ པདྨ་བློ་གྲོས་ཀྱིས་ སླབ་མིའི་ནང་ བྱིན་རླབས་ཅན་གྱི་ ཚེས་བཅུའི་གར་འཆམ་ཚུ་ སྤྱན་འབུལ་ཞུ་ནི་ལུ་ སྤྲོ་བ་སྦོམ་ཡོད་དེ་འབད་རུང་ བྱ་སྟབས་མ་བདེ་བའི་ དཀའ་ངལ་དང་པ་ར་ རང་སོའི་ཡིག་ཚང་ལས་ ངལ་གསོ་ཐོབ་མ་ཚུགས་པའི་ཁར་ གཉིས་པ་ཟེརཝ་ད་ ནུབ་ཕྱོགས་ལས་ ཤར་ཕྱོགས་ཚུན་  རྒྱ་གར་གྱི་ས་མཚམས་བརྒྱུད་དེ་ འགྲོ་འགྲུལ་འབད་དགོ་པའི་དཀའ་ངལ་ དེ་ལས་ ཟད་འགྲོ་མ་ལང་པའི་དཀའ་ངལ་ཚུ་ བྱུངམ་མས་ཟེར་ཨིན་པས།


བསམ་གྲུབ་ལྗོངས་མཁར་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ འཇིགས་མེད་དབང་ཕྱུག་གིས་ སླབ་མི་དང་འཁྲིལཝ་ད་ སྤྱིར་བཏང་འབྲུག་རྒྱལ་ཁབ་ནང་ སྤྱན་འབུལ་ཞུ་མི་ ཚེས་བཅུའི་གར་འཆམ་ཚུ་ གཅིག་མཚུངས་སྦེ་ ཡོདཔ་ཨིན་རུང་ མོམ་རིང་གཡུས་ཚན་གྱི་ གར་འཆམ་ཚུ་ གཞན་དང་མ་འདྲཝ་སྦེ་ཡོདཔ་ལས་ མི་ཉམས་གོང་འཕེལ་གཏང་ནིའི་དོན་ལུ་ འགོ་འདྲེན་འཐབ་ཅི་ཟེར་ ཨིན་པས།


དེ་ཡང་ ཉིནམ་དང་པའི་ནང་ རེང་རུས་ཅན་འཆམ་གྱི་ མཇལ་ཁ་དང་ བར་དོ་འཆམ་ཐོན་ཡོད་རུང་ ཉིནམ་དེ་ལུ་ བདུད་ཅན་དམྱལ་འབུམ་དམྱལ་བར་བཏང་སྟེ་འཛུལ་ནི་ དེ་ལས་ ཕྱི་རུ་ རྔ་འཆམ་དང་ རིགས་ལྔ་བཅུ་དྲུག་གི་ འཆམ་ཚུ་ སྤྱན་འབུལ་ཞུཝ་ཨིན་པས།


ཉིནམ་གཉིས་པའི་ནང་ ཞྭ་ནག་དང་ སྒོམ་ཆེན་ཁྱིམ་བདག་དཔལ་སྐྱེས་ཀྱི་དོན་ལུ་ བར་དོ་འཆམ་འཐོན་ནི་ ཤ་ཝ་ཕོ་མོ་འཐོན་ནི་ དེ་ལས་ གཞུང་གཡོགཔ་ཚུ་གི་ ཨམ་སྲུ་དང་ གཡུས་སྒོའི་ཞབས་ཁྲ་འཐེན་མི་ བུམོ་ཚུ་གིས་ སྐྱིད་པའི་བྲོ་འཁྲབ་སྟེ་ སྤྱན་འབུལ་ཞུ་ཐོག་ལས་ འགྲོལ་གནངམ་ཨིན་པས།


དེ་འབདཝ་ལས་ ལའུ་རི་རྒེད་འོག་དེ་ མཐའ་གཟུར་གྱི་ གྲོང་གསེབ་ཅིག་ཨིན་རུང་ དེ་ནང་ རང་སོའི་གཡུས་ཚན་ནང་ ལོ་བསྟར་བཞིན་དུ་ སྔར་སྲོལ་དང་བསྟུན་ ཚེས་བཅུའི་གར་འཆམ་ཚུ་ རྐྱབ་ནི་དེ་ གཞན་རྫོང་ཁག་ཚུ་ནང་ བཟུམ་སྦེ་ར་ཡོདཔ་ལས་ མི་སེར་ཚུ་གིས་ དེ་བཟུམ་མའི་ ལས་རིམ་ནང་ འབྲེལ་གཏོགས་འབད་ནི་ལུ་ བརྩོན་ཤུགས་བསྐྱེད་མི་དེ་ དཔེ་སྟོན་བཟུམ་ཅིག་ཨིན་པས།


དེ་འབདཝ་ལས་ འགོ་འདྲེན་འཐབ་མི་ བཀྲིས་བསྟན་འཛིན་གྱིས་ ན་ཧིང་བཟུམ་སྦེ་ར་ དུས་ཅི་ཡང་ ཚེས་བཅུ་མཇུག་མ་བསྡུ་ཚུན་ གཡུས་ཚན་དེ་ནང་ལས་ཨིན་མི་ གཞུང་སྒེར་གྱི་ལས་བྱེདཔ་ཚུ་ལུ་ རང་སོའི་འགོ་དཔོན་ཚུ་གིས་ ངལ་གསོ་གནང་བའི་རེ་བ་དང་ དད་ཅན་ཚུ་གིས་ ཚེས་བཅུའི་སྐབས་ལུ་ ཉིན་མའི་གསོལཝ་ འགྲང་ནིའི་དོན་ལུ་ རྒྱབ་སྐྱོར་ཚུ་འབད་བའི་ རེ་བ་ཡོད་ཟེར་ སླབ་ཨིན་པའི་གནས་ཚུལ།


བཀྲིས་ཕུན་ཚོགས།

No comments:

Post a Comment