གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སཱུན་ཀོཤི་གློག་མེ་ལས་འགུལ་ལུ་བརྟེན་པའི་གནོད་ཉེན།

༡༤/༡༢/༢༠༡༢   ༉ རྒྱ་གར་གྱི་ གནས་ཚུལ་གསར་ཤོག་ཚུ་ནང་ བཀོད་དོ་བཟུམ་འབད་བ་ཅིན་ གློག་ཤུགས་མེ་ག་ཝཱཊ་༢,༥༦༠ ཐོན་སྐྱེད་འབད་ནི་ཨིན་མི་ སཱུན་ཀོཤི་གློག་མེ་ལས་འགུལ་གྱིས་ རྒྱ་གར་གྱི་མངའ་སྡེ་ ནུབ་བེང་གཱལ་གྱི་ སྟག་ཉམས་སྲུང་ས་ཁོངས་ནང་ གནོད་ཉེན་འབྱུང་ནི་ཨིནམ་སྦེ་ བཀོད་ཡོདཔ་ཨིན་པས།


གློག་མེ་ལས་འགུལ་གྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ག་དེ་འབད་རུང་ ལས་འགུལ་དེ་གི་ སྙན་ཞུ་ཐ་དག་འབད་མི་ཚུ་ རྒྱ་གར་གཞུང་ལུ་ བཙུགས་ཏེ་ཡོདཔ་ལས་ ལཱ་དེ་ སང་ཕོད་ཀྱི་ལོ་ནང་ འགོ་བཙུགས་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
ལས་འགུལ་འཛིན་སྐྱོང་འགོ་དཔོན་ ཀརྨ་པི་གིས་ སླབ་མིའི་ནང་ སཱུན་ཀོཤི་གློག་མེ་ལས་འགུལ་གྱིས་ རྒྱལ་ཁབ་ནང་འཁོད་ནང་དང་ གཙང་ཆུའི་མཇུག་ལས་མར་ ག་ཏེ་ཡང་ གནོད་པ་མི་བྱུང་ནི་ཨིནམ་ལས་ རང་བཞིན་གནས་སྟངས་དང་ མཐུན་ཏོག་ཏོག་སྦེ་ ཡོད་ཟེར་ཨིན་པས།
དེ་དང་འཁྲིལ་ ད་རེས་ ལཱ་འགོ་བཙུགས་ནིའི་དོན་ལུ་ རྒྱ་གར་གཞུང་ལས་ ལན་གསལ་ལྷོད་ནི་ལུ་རྐྱངམ་གཅིག་ སྒུག་དོ་ཟེར་ ཁོ་གིས་སླབ་ཨིན་པས།
ཀརྨ་པི་གིས་འབད་བ་ཅིན་ གློག་མེ་འཕྲུལ་ཁང་དེ་རྐྱབ་རུང་ གཙང་ཆུའི་སྦོམ་ཆུང་ཚུ་ ཧེ་མ་བཟུམ་སྦེ་ར་ སྡོད་ནི་ཨིནམ་མ་ཚད་ ཆུ་མཛོད་ལུ་བརྟེན་པའི་ གནོད་པ་ཚུ་ཡང་ ཆུང་སུ་ཅིག་ལས་ མི་བྱུང་ཟེར་ཨིན་པས།
རྒྱ་གར་གྱི་གསར་ཤོག་ ཨི་ཀོ་ནོ་མིག་ཊ་ཡེམསི་ནང་ བཀོད་དོ་བཟུམ་འབད་བ་ཅིན་ རྒྱ་སྦོམ་ཆུང་ ཨིསི་ཀོ་ཡར་ཀི་ལོ་མི་ཊར་༧༦༠ འབད་མི་ བུག་ས་སྟག་ཉམས་སྲུང་ས་ཁོངས་དེ་ རྒྱ་འབྲུག་གི་ས་མཚམས་ཀྱི་ ཉེ་འདབས་ལུ་ཡོདཔ་བཞིན་དུ་ སཱུན་ཀོཤི་གཙང་ཆུ་གིས་ སྐྱེས་ལྡན་གྱི་གནས་སྟངས་ནང་ ཕན་སྦོམ་ཐོགས་ཏེ་ཡོད་ཟེར་ཨིན་པས།
དེ་མ་ཚད་ སཱུན་ཀོཤི་ལས་འགུལ་ འགོ་བཙུགས་ནིའི་ འཆར་གཞི་བརྩམ་པའི་སྐབས་ བུག་ས་སྟག་ཉམས་སྲུང་ས་ཁོངས་ལུ་ གཙོ་རིམ་མ་བྱིན་པས་ཟེར་ཨིནམ་མ་ཚད་ རང་བཞིན་གྱི་འབབ་མི་ གཙང་ཆུ་ལུ་ བསྒྱུར་བཅོས་དུམ་གྲ་ཅིག་ར་བྱུང་རུང་ དེ་གིས་ གནོད་སྐྱོན་རྒྱ་ཆེ་དྲགས་སྦེ་ འབྱུང་འོང་ཟེར་ གསར་ཤོག་དེ་ནང་བཀོད་ནུག།
རྒྱལ་ཁབ་ཀྱི་ རང་བཞིན་གནས་སྟངས་ཀྱི་དོན་ལུ་ ལཱ་འབད་མི་ཚུ་གིས་འབད་བ་ཅིན་ གློག་མེ་ཐོན་སྐྱེད་འབད་མི་དེ་ སླར་འབྱུང་ཅན་ཅིག་ ཨིནམ་མ་ཚད་ ནུས་ཤུགས་ཧིང་སངས་ས་ཅིན་འབད་ནི་དེ་གིས་ གློག་མེ་འཕྲུལ་ཁང་ཚུ་ ཨ་རྟག་ར་ རང་བཞིན་གནས་སྟངས་དང་ མཐུན་ཏོག་ཏོ་སྦེ་ར་ བརྩི་འཇོག་འབདཝ་ཨིན་ཟེར་ཨིན་པས།
དེ་ནང་ སླར་འབྱུང་ཟེར་ སླབ་དགོ་མི་དེ་ཡང་ གཙང་ཆུ་ཚུ་ལག་ལེན་འཐབ་སྟེ་ གློག་མེ་ཐོན་སྐྱེད་འབད་བའི་ཤུལ་ལུ་ འཕྲུལ་ཁང་གི་ མཇུག་ལས་མར་ ཆུ་ཚུ་ ཧེ་མ་བཟུམ་སྦེ་ར་ འབབ་འགྱོ་ནི་ཡོད་ནི་དེ་གིས་ཨིནམ་ད་ ཧིང་སངས་ས་ཟེར་ སླབ་དགོ་མི་དེ་ཡང་ གློག་མེ་ཐོན་སྐྱེད་འབད་བའི་སྐབས་ རྗས་སྦྱོར་འདྲ་མ་འདྲཝ་ཚུ་འཐོན་ནི་མེད་པར་ རང་བཞིན་གནས་སྟངས་དང་ རླུང་མ་ལུ་ གནོད་པ་ག་ཅི་ཡང་ མ་བྱུང་ནི་དེ་གིས་ཨིན་ཟེར་ འགོ་དཔོན་ཚུ་གིས་སླབ་ཅི།
འཇིགས་མེད་སེངྒེ་རྒྱལ་ཡོངས་གླིང་ཁའི་ ནགས་ཚལ་འགོ་དཔོན་གཙོ་འཛིན་བགྲེསཔ་ ཌོག་ཊར་ བསོད་ནམས་དབང་རྒྱལ་ཝང་གིས་ སླབ་དོ་བཟུམ་འབད་བ་ཅིན་ གློག་མེ་འཕྲུལ་ཁང་ཚུ་ གཞི་བཙུགས་འབད་བའི་སྐབས་ལུ་ གཙང་ཆུའི་མཇུག་ལས་མར་ ཆུ་དང་འབྲེལ་བའི་ སྲོག་ཆག་ཚུ་ལུ་ གནོད་པ་དུམ་གྲ་རེ་བྱུང་ནི་ཨིན་རུང་ ཁྲིམས་འགལ་ཐོག་ལས་ སེམས་ཅན་ཚུ་བསད་མི་དང་ སེམས་ཅན་ཚུ་འཁྱམས་སྡོད་སའི་ ས་ཁོངས་ཚུ་ནང་ མི་གིས་ཧམ་འཛུལ་འབད་མི་ཚུ་བཟུམ་ཅིག་ གནོད་སྐྱོན་སྦོམ་མི་བྱུང་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གནད་དོན་ལ་ལུ་ཅིག་ནང་ གློག་མེ་འཕྲུལ་ཁང་ཚུ་ལུ་བརྟེན་པའི་ རང་བཞིན་གནས་སྟངས་ཀྱི་འགྱུར་བ་ཚུ་ ལེགས་ཤོམ་སྦེ་ བརྩི་འཇོག་འབད་དོ་ཡོདཔ་ད་ དེ་ཡང་ ཆུ་མཛོད་ཚུ་ལུ་བརྟེན་ བྱ་དང་ཉ་ཚུ་ ཆུ་འཐུང་ས་དང་ གཟནམ་བཟའ་ས་ དེ་ལས་ ངལ་འཚོ་ས་ ཐོབ་ནི་དེ་གིས་ཨིན་ཟེར་ཨིན་པས།
དེ་གི་ནང་དོན་ཉིད་ལས་ སཱུན་ཀོཤི་ལས་འགུལ་གྱི་ ཆུ་མཛོད་དེ་ གློག་མེ་འཕྲུལ་ཁང་ནང་ ཆུ་དཔག་ནིའི་དོན་ལུ་ རྐྱངམ་གཅིག་མེན་པར་ ཞིང་ཆུའི་དོན་ལུ་ཡང་ ལག་ལེན་འཐབ་ནི་ཨིནམ་ལས་ དོན་སྣའི་ལས་འགུལ་ཅིག་ཨིན་ཟེར་ འགོ་དཔོན་ཚུ་གིས་སླབ་ཅི།
མ་གཞི་ སཱུན་ཀོཤི་ལས་འགུལ་གྱིས་ གློག་ཤུགས་མེ་ག་ཝཱཊ་༤,༠༥༠ ཐོན་སྐྱེད་འབད་ནི་སྦེ་ འཆར་གཞི་བརྩམས་ཡོདཔ་ཨིན་རུང་ ཤུལ་ལས་ མར་ཕབ་འབད་དེ་ བཟོ་ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment