གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འགྲུལ་སྐྱོད་འབད་མ་ཚུགས་པར་ བདུན་ཕྲག་ལང་དོ་ཡོདཔ།

༡༤/༡༢/༢༠༡༢   ༉ འདས་པའི་བདུན་མཐའི་ རེས་གཟའ་ཉི་མ་ལས་ འགོ་བཙུགས་ཏེ་ རྒྱ་གར་ཨ་སམ་མངའ་སྡེ་ལུ་ ལས་བཤོལ་ངོ་རྒོལ་ལས་རིམ་ འགོ་འདྲེན་འཐབ་མི་ལུ་བརྟེན་ དགེ་ལེགས་ཕུག་ལས་ ཕུན་ཚོགས་གླིང་དང་ བསམ་གྲུབ་ལྗོངས་མཁར་ལུ་ འགྲུལ་སྐྱོད་འབད་མི་སྣུམ་འཁོར་བཱསི་ཚུ་ བཀག་ཆ་འབད་དེ་ བདུན་ཕྲག་ལང་དོ་ཡོདཔ་ད་ སྣུམ་འཁོར་བཱསི་༢ ད་རིས་ འགྲུལ་སྐྱོད་འབད་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།
ངོ་རྒོལ་ལས་རིམ་ལུ་བརྟེན་ ཐོགས་ལུས་མི་འགྲུལ་པ་ཚུ།


དགེ་ལེགས་ཕུག་ལས་ བསམ་གྲུབ་ལྗོངས་མཁར་ཚུན་འགྱོ་ནི་ལུ་ ཤོག་འཛིན་བཏོགས་ཏེ་ ཉིནམ་༤ ལང་མི་ བཀྲིས་སྒང་མཁའ་གླིང་ལས་ ཚེ་དབང་ཨིནམ་ད་ ཁོ་གིས་ རྩི་རང་ལུ་ ཁོ་རའི་ སྤུན་ཆ་ཅིག་ འཕྱད་པར་སོང་བའི་ཤུལ་ལས་ ལོག་གཡུས་ཁར་འགྱོ་ནིའི་དོན་ལུ་ རྩི་རང་ལས་ དགེ་ལེགས་ཕུག་ལུ་འོང་སྟེ་ ཞག་ཅིག་གི་ཧེ་མར་ ཤོག་འཛིན་བཏོགས་ཡོད་རུང་ ཡུན་རིངམོ་སྦེ་ འགོར་སོ་ཡི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཁོ་གིས་ ཉིནམ་ཨ་རྟག་ར་ དགེ་ལེགས་ཕུག་ཁྲོམ་ཁ་ལས་ ཀི་ལོ་མི་ཊར་༥ དེ་ཅིག་གི་ས་ཁར་ ཁོ་རའི་སྤུན་ཆ་ཅིག་གི་ ཁྱིམ་ནང་སྡོད་ས་ལས་ དྲོ་པ་ཨ་རྟག་ར་ བཱསི་བཞག་སའི་ ས་ཁོངས་ནང་འོང་སྟེ་ བསྒུགསཔ་བསྒུགས་སར་ སྡོད་དོ་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ སྣུམ་འཁོར་དེ་ ནམ་གཏང་ནི་ཨིན་ན་ བརྡ་དོན་བྱིན་མི་ ག་ཡང་མིན་འདུག་ཟེར་ཨིནམ་ད་ ཁྲོམ་ཁར་སྡོད་ནི་དེ་ ཟད་འགྲོའི་དཀའ་ངལ་ཐོན་པའི་ཁར་ གཡུས་ཁར་ལཱ་འབད་བར་འགྱོ་ནི་ལུ་ སེམས་ཚབས་ཏེ་ཡོད་ཟེར་ཨིན་པས།
དགེ་ལེགས་ཕུག་དང་ བསམ་གྲུབ་ལྗོངས་མཁར་བར་ནའི་ སྐྱེལ་འདྲེན་བཱསི་གི་དེད་གཡོགཔ་ བཀྲ་ཤིས་ཀྱིས་ སླབ་མིའི་ནང་ ཁོ་གི་ སྣུམ་འཁོར་བཱསི་དེ་ འདས་པའི་བདུན་མཐའི་ རེས་གཟའ་ཉི་མ་ལས་ར་ དགེ་ལེགས་ཕུག་ལུ་ ལུས་པའི་ཤུལ་ལུ་ འོང་འབབ་བཟོ་མ་ཚུགས་པར་ རྒུད་ཕོག་པའི་ཁར་ ལམ་འགྲུལཔ་ཚུ་ལུ་ཡང་ དཀའ་ངལ་བྱིནམ་མས་ཟེར་ཨིན་པས།
ཁོ་གིས་ སྣུམ་འཁོར་དེ་ གླ་ཁར་ལེན་ཏེ་ བཏང་དོ་ཟེར་ཨིནམ་ད་ ད་རེས་ ཟླ་རིམ་གླ་འཐུས་སྤྲོད་ནི་ལུ་ཡང་ ལཱ་ཁག་རྐྱབ་ནི་མས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཁོ་གི་སྐྱེལ་འདྲེན་ནང་འགྱོ་མི་ ལམ་འགྲུལཔ་༣༥ གིས་ཡང་ ཤོག་འཛིན་ཚུ་བཏོགས་ཏེ་ ཉིནམ་༥ དང་༦ ལང་མི་ཡང་ཡོད་ཟེར་ཨིན་པས།
བསྡོམས་ཀྱིས་ སྐྱེལ་འདྲེན་བཱསི་༢ ཀྱི་དོན་ལུ་ མི་གྲངས་༦༠ ལྷགཔ་ཅིག་གིས་ ཚེ་དབང་བཟུམ་སྦེ་ ཤོག་འཛིན་བཏོགས་ཏེ་ཡོདཔ་ཨིན་པས།
སྣུམ་འཁོར་བཀག་ཐོགས་ལུས་མི་དེ་གིས་ ད་རེས་ནངས་པ་ ཚལ་ལུ་ཕྱིར་བཚོང་འཐབ་ནིའི་ དུས་ཚོད་ཨིནམ་བཞིན་དུ་ ཕྱིར་ཚོང་འཐབ་མི་ཚུ་ལུ་ཡང་ ཚལ་ལུ་ཚུ་ དུས་ཚོད་ཁར་ སྐྱེལ་འདྲེན་འབད་མ་ཚུགས་པའི་ དཀའ་ངལ་ཚུ་ ཐོན་ཏེ་ཡོདཔ་ཨིན་པས།
ཨིན་རུང་ ཁ་ཙ་ ཕྱི་རུ་ བསམ་གྲུབ་ལྗོངས་མཁར་དང་ ངང་ལམ་ དེ་ལས་ ཕུན་ཚོགས་གླིང་ལས་ བཱསི་ཚུ་ ད་རེས་ནངས་པ་ ལོ་འཁོར་ཆོས་རྒྱུགས་མཇུག་བསྡུ་མི་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭའི་ སློབ་ཕྲུག་ཚུ་དང་ ལམ་འགྲུལཔ་གཞན་མི་ཚུ་གིས་ གནང་བ་ཞུ་བའི་ཤུལ་ལས་ གནས་སྐབས་ཀྱི་ ཐབས་སྒྲིག་ཐོག་ལས་ འོང་བའི་ཤུལ་ལུ་ དགེ་ལེགས་ཕུག་ལུ་ ལྷོད་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ དགེ་ལེགས་ཕུག་ལས་ བསམ་གྲུབ་ལྗོངས་མཁར་དང་ ཕུན་ཚོགས་གླིང་ལུ་ འགྲུལ་སྐྱོད་འབད་མི་ སྒེར་གྱི་སྣུམ་འཁོར་གྱི་རིགས་ཚུ་ ཁ་ཙ་དྲོ་པ་ སྣུམ་འཁོར་དེད་གཡོགཔ་ཚུ་གིས་ དགེ་ལེགས་ཕུག་བགེགས་སྲུང་སྒོ་ར་ནང་ སྙན་ཞུ་འབད་བའི་ཤུལ་ལུ་ ཉིན་མའི་ཆུ་ཚོད་༢ ལུ་ བཏང་ཡོདཔ་ཨིན་པས།
དགེ་ལེགས་ཕུག་ ཁྲིམས་སྲུང་འགག་པ་གིས་ སླབ་མིའི་ནང་ བཀག་བཞག་མི་སྣུམ་འཁོར་ཚུ་ ལམ་འགྲུལཔ་ཚུ་གིས་ གསོལ་འདེབས་འབད་མི་ལུ་བརྟེན་ ཁ་ཙ་ བཏང་ཡི་ཟེར་ཨིནམ་ད་ ད་རིས་ལས་ ཨ་རྟག་ཧར་ལུགས་སྦེ་ རྒྱུན་འགྲུལ་འཐབ་ཚུགས་ནི་ཨིན་རུང་ བསམ་གྲུབ་ལྗོངས་མཁར་ ཇོ་མོ་ཚང་ཁ་དྲུང་ཁག་ ཁ་ཐུག་ལུ་ རྒྱུན་འགྲུལ་འཐབ་མི་ཚུ་ བཀག་ཆ་འབད་ནི་ཨིན་མི་དེ་ ཁ་ཙ་ ད་རུང་ ས་ཁོངས་དེ་ནང་ དུས་ཡུན་ཆུ་ཚོད་༡༢༠ གི་ ལས་བཤོལ་ངོ་རྒོལ་ཡོད་ཟེར་ གསལ་བསྒྲགས་འབད་བའི་ཤུལ་ལུ་ཨིན་པས།
འབྲུག་པའི་སྣུམ་འཁོར་ཚུ་ འདས་པའི་བདུན་ཕྲག་ནང་ལས་ ས་མཚམས་ཀྱི་ གཞུང་ལམ་བདའ་སྟེ་ རྒྱུན་འགྲུལ་འཐབ་ནི་ལས་ བཀག་ཆ་འབད་མི་དེ་ཡང་ འདས་པའི་བདུན་མཐའི་ རེས་གཟའ་ཉི་མ་ལུ་ རྒྱ་གར་ཨ་སམ་ལུ་ ལས་བཤལ་ངོ་རྒོལ་ལས་རིམ་བྱུང་མི་ལུ་བརྟེན་ཨིནམ་ད་ དེ་གི་ཤུལ་ལས་ ད་རུང་ རེས་གཟའ་མིག་དམར་ལུ་ དུས་ཡུན་ཆུ་ཚོད་༧༢ ཀྱི་རིང་ ལས་བཤལ་ངོ་རྒོལ་ལས་རིམ་གྱི་ གསལ་བསྒྲགས་འབད་བའི་ཤུལ་ལས་ ཨིན་པའི་གནས་ཚུལ།


དགེ་ལེགས་ཕུག་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment