གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དབང་འདུས་རྫོང་གསར་བཞེངས་ནང་ ཙན་དན་ཤིང་ ལག་ལེན་འཐབ་མི་ཚུགས་ནི།

༨/༡༢/༢༠༡༢   ༉ ཧེ་མ་འབད་བ་ཅིན་ རྫོང་གཞིས་དང་ ལྷ་ཁང་ཚུ་བཞེངས་པའི་སྐབས་ལུ་ ཙན་དན་ཤིང་ལག་ལེན་འཐབ་དོ་ཡོདཔ་ཨིན་རུང་ ད་རེས་ནངས་པ་ ཙན་དན་ཤིང་གི་གྱངས་ཁ་དེ་ མར་ཉམས་སུ་སོང་མི་དང་ ས་ཁོངས་བདེ་ཏོག་ཏོ་ནང་ལས་ ཐོབ་མ་ཚུགས་མི་ལུ་བརྟེན་ དབང་འདུས་རྫོང་ གསར་བཞེངས་ཀྱི་དོན་ལུ་ བཟང་ཤིང་དེ་ ལག་ལེན་འཐབ་མི་ཚུགས་ནི་ཨིན་པས།


རྫོང་གཞིས་དང་ ལྷ་ཁང་ཚུ་ནང་ ཙན་དན་ཤིང་ལག་ལེན་འཐབ་དགོ་མི་དེ་ཡང་ ཙན་དན་ཤིང་དེ་ ཤིང་ཚུ་གི་གྲས་ལས་ མཆོག་ཏུ་འགྱུར་པ་ཅིག་ཨིནམ་མ་ཚད་ ལོ་ཚད་ཡང་ ཡུན་བརྟན་སྦེ་གནས་ཚུགས་མི་ལུ་བརྟེན་ཏེ་ཨིན་པས།
ནགས་ཚལ་དང་ གླིང་ག་ཞབས་ཏོག་ལས་ཁུངས་ལས་ སྐྱེ་ཤིང་མཁས་མཆོག་ ར་གླིང་ངག་དབང་གིས་ བཤད་དོ་བཟུམ་འབད་བ་ཅིན་ སྤྱི་ལོ་༡༩༨༠ གྱ་གྲངས་ནང་ སྤུ་ན་ཁ་རྫོང་དང་ བུམ་ཐང་ སྐུ་རྗེས་ལྷ་ཁང་གཉིས་བཞེངས་པའི་སྐབས་ ཤིང་ག་ར་ ཙན་དན་ལག་ལེན་འཐབ་ཡོད་རུང་ དབང་འདུས་རྫོང་གསར་བཞེངས་ནང་ ལག་ལེན་འཐབ་མ་ཚུགས་མི་དེ་ དང་པ་ ཙན་དན་ཤིང་ཉམས་འགྱོ་མི་དང་ གཉིས་པ་ ཤིང་ཚུ་ ཉེ་འདབས་ལས་འཐོབ་མ་ཚུགས་པར་ མཐའ་ཟུར་ནང་འབད་ནི་དེ་གིས་ སྐྱེལ་འདྲེན་འབད་ནི་ལུ་ཡང་ སྟབས་མ་བདེཝ་ཡོད་ཟེར་ཨིན་པས།
རྫོང་གསརཔ་བཞེངས་པའི་བསྒང་ལས་ དེ་ཁར་ ཤིང་གྱངས་ཁ་མང་རབས་ཅིག་འགྱོ་ནི་ཨིནམ་ལས་ ཙན་ནད་ཉམས་སྲུང་འབད་ནི་ལུ་ཡང་ གནོད་པ་འབྱུང་ནི་མས་ཟེར་ཨིན་པས།
ཙན་དན་ཤིང་༡ རིན་ཚད་ཕིཊ་༦ དེ་ཅིག་སྦོམ་འགྱོ་ནིའི་དོན་ལུ་ ལོ་ངོ་༣༠ དེ་ཅིག་འགོརཝ་མས་ཟེར་ཨིནམ་ད་ དེ་ཡང་ དཔེར་ན་ སྤྱི་ལོ་༡༩༧༦ ནང་ ཙན་དན་ཤིང་གི་ལྕངམ་འཛུགས་སྐྱོང་འཐབ་མི་ཚུ་ ད་ལྟོ་ཕིཊ་༥ ལས་༦ གི་བར་ན་ འདུག་ཟེར་ སྐྱེ་ཤིང་མཁས་མཆོག་ ར་གླིང་ངག་དབང་གིས་ བཤདཔ་ཨིན་པས།
ད་ལྟོ་འབད་བ་ཅིན་ ཙན་དན་ཤིང་ཁྱབ་ཆེ་ཤོས་དེ་ དབང་འདུས་རྫོང་ཁག་ དྭངས་ཆུ་དང་ ཤར་ཕྱོགས་བཀྲིས་སྒང་ རྐང་པ་ར་ཚུ་ནང་ ཡོདཔ་ད་ ཤིང་དེ་ ས་ཁ་མཐོ་ཚད་མི་ཊར་༡༧༠༠ ལས་༢༧༠༠ གི་བར་ན་ ལེགས་ཤོམ་སྦེ་ སྐྱེས་ཚུགས་དོ་ཡོདཔ་ཨིན་པས།
ལྷ་ཤིང་ཙན་དན་སྡོང་པོའི་ཤིང་དེ་ འབྲུག་རྒྱལ་ཁབ་ཀྱི་ རྒྱལ་ཡོངས་ཀྱི་ ཤིང་སྦེ་ཡང་ ངོས་འཛིན་འབད་དེ་ཡོད་མི་གིས་ ཤིང་ཚུ་ ག་དེ་དྲག་དྲག་ ཉམས་སྲུང་འབད་དགོཔ་ཁག་ཆེ་ཟེར་ཨིན་རུང་ ད་ལྟོ་ ཙན་དན་ཤིང་གསརཔ་ ལེ་ཤ་ཅིག་ར་འཛུགས་སྐྱོང་འབད་དོ་ཡོདཔ་མ་ཚད་ མི་སྡེའི་ནགས་ཚལ་ཚུ་གིས་འབད་རུང་ ལེགས་ཤོམ་སྦེ་ བདག་འཛིན་འཐབ་མས་ཟེར་ཨིན་པས།
ཙན་དན་ཤིང་ལག་ལེན་གྱི་དོན་ལུ་ ད་ལྟོ་ཚུན་ཚོད་ མི་སེར་ག་ལུ་ཡང་ གནང་བ་མ་བྱིནམ་ད་ ག་དེམ་ཅིག་སྦེ་ རྫོང་གཞིས་དང་ ལྷ་ཁང་གི་ དོན་ལུ་ ལག་ལེན་འཐབ་དགོཔ་ཐོནམ་ད་ གོང་མའི་བཀའ་དང་འཁྲིལ་ ཨ་ཙི་རེ་བཏོག་ནི་ཡོད་ཟེར་ ངག་དབང་གིས་ བཤདཔ་ཨིན་པས།
ཙན་དན་ཤིང་བརྡབ་ནི་དེ་ ཁྲིམས་འགལ་ཨིནམ་ལས་ མི་སེར་ཚུ་གིས་ གནང་བ་མེད་པར་ ཤིང་བརྡབ་པ་ཅིན་ ཤིང་གི་གོང་ཚད་དང་ ཉེས་བྱ་ཚུ་ ནགས་ཚལ་གྱི་བཅའ་ཁྲིམས་དང་འཁྲིལ་ཏེ་ ཡངས་ཆག་མེད་པར་ བཀལ་འོང་ཟེར་ སྐྱེ་ཤིང་མཁས་མཆོག་གིས་ སླབ་ཡོདཔ་ཨིན་པའི་གནས་ཚུལ།


ཡེ་ཤེས་སྒྲོལ་མ།

No comments:

Post a Comment