གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྣུམ་འཁོར་རྦོབ་རིལ་མིའི་ནང་ ཕོ་སྐྱེས་༣ ལུ་ ཤི་རྐྱེན།

༡༡/༡༢/༢༠༡༢   ༉ སྤྱི་ཟླ་༡༢ པའི་ཚེས་༩ ལུ་ ཐིམ་ཕུ་ལས་ ཕུན་ཚོགས་གླིང་ལུ་འགྱོ་མི་ སྣུམ་འཁོར་ཊཱག་ཅིག་ ས་གནས་ཝང་ཁ་ལུ་ལྷོདཔ་ད་ ལམ་འོག་ལས་མར་ རྦོབ་རིལ་མིའི་རྐྱེན་ངན་ནང་ སྤུན་ཆ་༣ ལུ་ཤི་རྐྱེན་བྱུང་ཡོདཔ་ཨིན་པས།


རྐྱེན་ངན་དེ་ཡང་ དེ་ཚེ་ཉིན་མའི་ཆུ་ཚོད་༡ དང་སྐར་མ་༡༥ དེ་ཅིག་ཁར་ སྣུམ་འཁོར་དེ་ ལམ་འོག་ལས་མར་ མི་ཊར་༡༠༠ འི་ས་ཁར་ རྦོབ་རིལ་སོང་བའི་སྐབས་ སྐྱེས་ལོ་༢༥ ལང་མི་ སྤུན་ཆ་དེ་ ས་གནས་དེ་ཁ་ར་ ཁ་འཐུམ་མར་བསད་ཡོདཔ་ད་ སྐྱེས་ལོ་༣༠ ལང་མི་དེད་གཡོགཔ་དེ་ ཆུ་ཁ་སྨན་ཁང་ནང་ སྨན་བཅོས་འབད་བར་ལྷོད་དེ་ སྐར་མ་༤༥ འི་ཤུལ་ལས་ ཤི་ཡོདཔ་མ་ཚད་ ཚེ་འདས་ དེད་གཡོགཔ་གི་ ནུ་གཅུང་སྐྱེས་ལོ་༢༢ ལང་མི་དེ་ ཁ་ཙ་ དྲོ་པའི་ཆུ་ཚོད་༦ ལུ་ ཐིམ་ཕུ་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་སྦེ་ ཤི་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་ཚུ་གིས་ ཀུན་གསལ་ལུ་ སླབ་དོ་བཟུམ་འབད་བ་ཅིན་ ཁོང་༣ ཆ་ར་ ཤི་རྐྱེན་བྱུང་དགོ་པའི་ གནད་དོན་དེ་ མགུ་ཏོ་ཁར་ རྨ་སྐྱོན་སྦོམ་བཏོན་ཡོདཔ་མ་ཚད་ གཟུགས་ག་ར་ རྨ་སྐྱོན་བྱུང་ཡོད་མི་ལུ་བརྟེན་ཏེ་ ཨིན་མས་ཟེར་ཨིན་པས།
སྣུམ་འཁོར་ཊཱག་དེ་ ཤང་རི་ལ་ འབྲུག་ཅ་ཆས་སྐྱེལ་འདྲེན་འབད་མི་ སྦྱིན་བདག་གི་ཨིན་རུང་ རྐྱེན་ངན་བྱུང་བའི་སྐབས་ སྣུམ་འཁོར་ནང་ དོས་མེདཔ་ད་ ཚེ་འདས་དེད་གཡོགཔ་དེ་ ལས་སྡེའི་དེད་གཡོགཔ་ཨིནམ་ད་ གཞན་མི་གཉིསཔོ་དེ་ དེད་གཡོགཔ་དང་གཅིག་ཁར་ ཐིམ་ཕུ་ལས་ ཕུན་ཚོགས་གླིང་ལུ་ སྣུམ་འཁོར་དེ་ནང་ འགྱོ་མི་ཨིན་མས་ཟེར་ ཁྲིམས་སྲུང་འགག་པ་གིས་ སླབ་ཨིན་པས།
དར་དཀར་ནང་རྫོང་ཁག་ དར་དཀར་དཔལ་ལ་ལས་ཨིན་མི་ ཚེ་འདས་ཕོ་སྐྱེས་༣ ཆ་ར་ གཉེན་རྐྱབ་ཡོད་པའི་ཁར་  དེད་གཡོགཔོ་དེ་ལུ་ ཨ་ལུ་༢ ཡོདཔ་ཨིན་པས།
ཚེ་འདས་སྤུན་ཆ་༢ ཀྱི་ཕུངམ་དེ་ ཁ་ཙ་ ཐིམ་ཕུ་དུར་ཁྲོད་ནང་སྦེ་ མེ་སྦྱང་འབད་ཡོདཔ་ད་ སྤུན་ཆ་ཅིག་གི་ཕུངམ་དེ་ དར་དཀར་དཔལ་ལ་ལུ་ བཏང་ཡོདཔ་ཨིན་པས།
སྲོག་སྐྱབས་ཀྱི་ལཱ་འབད་མི་ཚུ་ཡང་ ཆུ་ཁ་གློག་མེ་ལས་འཛིན་དང་ ཁྲིམས་སྲུང་འགག་པ་ དེ་ལས་ ལས་སྡེའི་ འགོ་དཔོན་ཚུ་གིས་ འཁོར་ལམ་འོག་ལས་ ཕུངམ་གཏོན་ནིའི་ཆ་རོགས་འབད་ཡོདཔ་བཞིན་དུ་ ལས་སྡེ་གིས་ ཟད་འགྲོ་ཚུ་ག་ར་ གཏང་ནི་ལུ་ ཆ་རོགས་འབད་ཡི་ཟེར་ ཁྲིམས་སྲུང་འགག་པ་ཚུ་གིས་ བཤདཔ་ཨིན་པས།
རྐྱེན་ངན་དེ་གི་སྐོར་ལས་ ཤ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་བཱེན་གྱི་དེད་གཡོགཔ་ཅིག་གིས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་བའི་ཤུལ་ལུ་ ཤེས་རྟོགས་བྱུང་ཡོད་རུང་ ད་ལྟོ་ བྱུང་རྐྱེན་དེ་ ག་དེ་སྦེ་བྱུང་ཡོདཔ་ཨིན་ན་ ཞིབ་དཔྱད་ཚུ་འབད་བའི་བསྒང་ ཡོདཔ་ཨིན་པའི་གནས་ཚུལ།



 
བཀྲིས་ཕུན་ཚོགས།

No comments:

Post a Comment