གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གློག་ཤུགས་ཀྱི་ གླ་འཁོར་སྦེ་ འགོ་བཙུག་ནི།

གླ་འཁོར་བཟོ་ནི་ཨིན་མི་ གློག་ཤུགས་སྣུམ་འཁོར་ཚུ་ རིན་གོང་དངུལ་ཀྲམ་འབུམ་༤ སྦེ་ བཙོང་ནི་ཨིནམ་བཞིན་དུ་ འཕྲུལ་ལྟོ་ཚུ་ གླ་ཁར་གཏང་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།

བཟོ་སྐྲུན་འབད་བའི་བསྒང་ཡོད་པའི་ གློག་ཤུགས་སྣུམ་འཁོར་ཚུ།
༢༣/༠༦/༢༠༡༢   ༉ དུས་ཅི་ སྤྱི་ཟླ་༩ པ་ འགོ་བཙུགས་ཁམས་ཅིག་ལས་ ཐིམ་ཕུ་ཁྲོམ་ཁར་ གློག་ཤུགས་ཀྱི་ སྣུམ་འཁོར་༡༠ དེ་ཅིག་ གླ་འཁོར་སྦེ་ ལག་ལེན་འཐབ་ཚུགས་པའི་ རེ་བ་ཡོད་ཟེར་ གློག་ཤུགས་བཟོ་སྐྲུན་ལས་སྡེ་ ཐཱན་ཌར་མོ་ཊོརསི་གི་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།


གླ་འཁོར་ཚུ་གི་ སྦོམ་ཆུང་ཡང་ སྣུམ་འཁོར་ཨའེ་ཊེན་བཟུམ་ཅིག་ འོང་ནི་ཨིནམ་ད་ དེ་ནང་ མི་གྲངས་༥ བདེ་ཏོག་ཏོ་སྦེ་ ཤོང་ནི་དང་ འཕྲུལ་ལྟོ་ཡང་ ལི་ཐི་ཡམ་གྱིས་ བཟོ་བཀོད་འབད་མི་ཚུ་ ལག་ལེན་འཐབ་ནི་ཨིནམ་ལས་ དུས་ཡུན་སྐར་མ་༥ དང་༡༥ འི་བར་ན་ བསྐྱར་གསོ་འབད་དེ་ ཀི་ལོ་མི་ཊར་༢༠༠ རེ་ འགྲོ་འགྲུལ་འབད་ཚུགས་ནི་ཨིན་པས།
གློག་ཤུགས་འགྲུལ་འཁོར་ཚུ་གི་ ཡན་ལག་ཚུ་ ནང་འདྲེན་འབད་ཐོག་ལས་ སྒྲིགས་ཁམས་རྐྱབ་སྟེ་ ཚོང་འབྲེལ་འཐབ་མི་ ཐཱན་ཌར་མོ་ཊོརསི་གི་ཇོ་བདག་ བཀྲིས་དབང་ཕྱུག་གིས་འབད་བ་ཅིན་ མ་གཞི་ ད་རེས་ གློག་ཤུགས་སྣུམ་འཁོར་༢༢ ཀྱི་ཡན་ལག་ཚུ་ གྲིགས་ནིའི་ལཱ་འབད་དོ་ཡོདཔ་ཨིན་རུང་ གླ་འཁོར་གྱི་དོན་ལུ་ སྣུམ་འཁོར་༡༠ མ་གཏོགས་ མི་བཟོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སྣུམ་འཁོར་གཞན་༡༢ ནང་ འཕྲུལ་ལྟོ་ཚུ་ཡང་ ལི་ཐི་ཡམ་མེན་མི་ཚུ་བཙུགས་ཏེ་ སྒེར་སྤྱོད་ཀྱི་དོན་ལུ་ བཙོང་ནི་ཨིན་ཟེར་ཨིན་པས།
བཀྲིས་དབང་ཕྱུག་གིས་འབད་བ་ཅིན་ གླ་འཁོར་བཟོ་ནི་ཨིན་མི་ སྣུམ་འཁོར་ཚུ་ རིན་གོང་དངུལ་ཀྲམ་འབུམ་༤ དེ་ཅིག་སྦེ་ བཙོང་སྟེ་ འཕྲུལ་ལྟོ་ཚུ་ གླ་ཁར་གཏང་ནི་ཨིན་ཟེར་ཨིན་པས།
དེ་མེན་པ་ཅིན་ འཕྲུལ་ལྟོའི་གོང་ཚད་དེ་ཡང་ སྣུམ་འཁོར་གྱི་གོང་ཚད་དང་ ཧ་ལམ་ འདྲ་མཉམ་སྦེ་ཡོདཔ་ལས་ ཉོ་ཚུགས་པར་ ལཱ་ཁག་རྐྱབ་འོང་ཟེར་ཨིནམ་ད་ སྒེར་སྤྱོད་ཀྱི་དོན་གྱི་ སྣུམ་འཁོར་ཚུ་ནང་ ལེཌ་གྱི་བཟོ་བའི་ འཕྲུལ་ལྟོ་ཚུ་བཙུག་ནི་ཨིནམ་ལས་ ལྟེམ་ལྟེ་སྦེ་ བསྐྱར་གསོ་འབད་ནི་ལུ་ དུས་ཡུན་ཆུ་ཚོད་༣ ལས་༦ རེ་ གོར་ནི་ཨིན་པས།
བཀྲིས་དབང་འདུས་ཀྱིས་ སླབ་མིའི་ནང་ འཕྲུལ་རིགས་དེ་ འགོ་བཙུག་ནིའི་དོན་ལུ་ འཕྲུལ་ལྟོ་བསྐྱར་གསོ་འབད་སའི་ གློག་མེའི་ས་ཁོངས་ཚུ་ དགོཔ་ཡོདཔ་ལས་ ད་རེས་ནངས་པ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་དང་ ཁ་སླབ་པའི་བསྒང་ར་ ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འཕྲུལ་ལྟོ་བསྐྱར་གསོ་འབད་ས་ཚུ་ གཞུང་གིས་སྦེ་ར་ ཟོ་སྐྲུན་འབད་ནི་དང་ དེ་ཡང་ ཀི་ལོ་མི་ཊར་༥༠ རེ་གི་ས་ཁར་ རེ་རེ་ བཙུག་ནི་ཨིནམ་མ་ཚད་ བསྐྱར་གསོའི་ ས་ཁོངས་རེ་གི་དོན་ལུ་ ཟད་འགྲོ་ཡུ་ཨེསི་ཌོ་ལར་༣༠,༠༠༠ རེ་ གནས་ནི་ཨིནམ་སྦེ་ སླབ་ཅི།
གལ་སྲིད་ གཞུང་གིས་ རྒྱ་ཁབ་ཀྱི་ས་གནས་ཚུ་ནང་ འཕྲུལ་ལྟོ་བསྐྱར་གསོའི་ས་ཁོངས་ཚུ་ གཞི་བཙུགས་འབད་ཚུགས་པ་ཅིན་ རྒྱལ་ཁབ་ནང་ སྣུམ་འཁོར་ ཆ་མཉམ་ར་ གློག་ཤུགས་ཀྱི་ འགྲུལ་འཁོར་བཟོ་ནི་ལུ་ དཀའ་ངལ་མི་ཐོན་ཟེར་ཨིན་པས།
གློག་ཤུགས་ཀྱི་ གླ་འཁོར་ཚུ་ དང་པ་ར་ ཐིམ་ཕུ་དང་ ཆུ་ཁ་ཚུ་ལས་སྦེ་ འགོ་བཙུགས་ནི་དང་ དེ་གི་ཤུལ་ལས་ ཕུན་ཚོགས་གླིང་ དབང་འདུས་ དེ་ལས་ སྤ་རོ་རྫོང་ཁག་ཚུ་ནང་ལས་སྦེ་ འགྲོས་ཀྱིས་སྦེ་ རྫོང་ཁག་གཞན་ཚུ་ནང་ཡང་ འགོ་བཙུག་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།
ཁོང་གིས་ ཞིབ་འཚོལ་ཅིག་འབད་བའི་སྐབས་ ད་རེས་ཀྱི་གནས་སྟངས་ནང་ གླ་འཁོར་དེད་གཡོགཔ་ཚུ་གིས་ ཟླཝ་རེ་ལུ་ དངུལ་ཀྲམ་༡༥,༠༠༠ དེ་རེ་ མར་ཁུ་བླུགས་ནི་ལུ་ ཟད་འགྲོ་བཏང་དོ་ཡོདཔ་སྦེ་ མཐོང་ཡོདཔ་ད་ གློག་ཤུགས་ཀྱི་ འགྲུལ་འཁོར་ཚུ་ནང་འབད་བ་ཅིན་ འཕྲུལ་ལྟོ་ཚར་རེ་ བསྐྱར་གསོ་འབད་བའི་སྐབས་ དངུལ་ཀྲམ་༡༩ རེ་གནས་པའི་ གློག་ཤུགས་མ་གཏོགས་ ལག་ལེན་འཐབ་མི་དགོ་ནི་ཨིན་པས།
ཨིན་རུང་ མི་མང་ཤོས་ཅིག་གིས་ འཕྲུལ་ལྟོ་ཚུ་ ལྟེམ་ལྟེ་སྦེ་ བསྐྱར་གསོ་མི་འབད་ནི་ཨིནམ་ལས་ བསྐྱར་གསོ་ཚར་རེ་ལུ་ སྤྱིར་བཏང་ དངུལ་ཀྲམ་༨ དང་༩ རེ་མ་གཏོགས་ མི་གནས་ནི་ཨིན་པས།
དེ་དང་འཁྲིལ་ འགྲུལ་འཁོར་གྱི་ ཡན་ལག་ཅ་ཆས་སྒྲིག་སའི་ འཕྲུལ་ཁང་སྦོམ་ཅིག་ གཞི་བཙུགས་འབད་ནི་ཨིན་མི་དང་འཁྲིལ་ ཟླཝ་རེ་ལུ་ འགྲུལ་འཁོར་༢,༠༠༠ རེ་ བསྒྲིག་ཚུགས་པའི་ རེ་བ་ཡོདཔ་ལས་ ཕྱིའི་རྒྱལ་ཁབ་ཚུ་ནང་ཡང་ ཚོང་ལམ་ལེགས་ཤོམ་ འཐོབ་ཚུགས་ཟེར་ བཀྲིས་དབང་འདུས་ཀྱིས་སླབ་ཅི།
ཁོ་གིས་འབད་བ་ཅིན་ ད་ལྟོ་ཡོད་པའི་ སྣུམ་འཁོར་ཚུ་ མང་ཤོས་ར་ ས་ཐང་ཚུ་ནང་གཏང་ནིའི་དོན་ལུ་ བཟོ་བཀོད་འབད་ཡོདཔ་ད་ འབྲུག་བཟུམ་མའི་ ས་གནས་ཚུ་ནང་ གཏང་ནི་ལུ་ འོས་འབབ་ཅན་གྱི་ བཟོ་བཀོད་ཚུ་ཡང་བཟོ་སྟེ་ བསྟན་རྒྱས་ལྷན་ཁག་ནང་ བཙུགས་ཏེ་ཡོད་ཟེར་ཨིན་པས།
ད་རེས་ ས་སྣུམ་གྱི་གོང་ཚད་ཚུ་ ཡར་སེང་འགྱོ་དོ་ཡོད་པའི་ གནས་སྟངས་ནང་ དེ་བཟུམ་མའི་ གློག་ཤུགས་ཀྱི་ སྣུམ་འཁོར་ཚུ་ ལག་ལེན་འཐབ་ནི་ལུ་ འོས་འབབ་སྦོམ་ཡོད་ཟེར་ བཀྲིས་དབང་འདུས་ཀྱིས་ སླབ་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment