གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཞུང་ལུ་ གཞི་རྟེན་ཁྲལ་གྱི་ ཕབ་ཆག་ཡར་སེང་གི་ གྲོས་འཆར་ཕུལ་ནི།


བསྐྱར་ཞིབ་ཚོགས་ཁང་གིས་ འོང་འབབ་ཁྲལ་གྱི་ བཅའ་ཁྲིམས་༢༠༠༡ ཅན་མ་ བསྐྱར་ཞིབ་འབད་དགོ་པའི་ དྲན་བསྐུལ་ཕུལ་ནི།

༉ སྤྱི་ཚོགས་དང་པའི་ཚོགས་ཐེངས་༩ པ་ ནངས་པར་ལས་ སྤྱི་ཚོགས་ལྷན་བཞུགས་ཐོག་ དབུ་འཛུགས་གནང་ནི་ཨིནམ་བཞིན་དུ་ རྒྱལ་ཡོངས་ཚོགས་འདུ་དང་ རྒྱལ་ཡོངས་ཚོགས་སྡེ་ཚོགས་ཁང་༢ ཀྱིས་ རང་སོའི་ཚོགས་ཁང་ནང་ ཟླ་ངོ་༡ གི་རིང་ དཔྱད་ཡིག་དང་ རྒྱལ་ཁབ་ཀྱི་ སྲིད་བྱུས་ཚུ་དང་འབྲེལ་བའི་ གནད་དོན་ཚུ་གི་སྐོར་ལས་ གསུང་གྲོས་གནང་ནི་ཨིན་པས།


བསྐྱར་ཞིབ་ཚོགས་ཁང་ཅིག་ཨིན་མི་ རྒྱལ་ཡོངས་ཚོགས་སྡེ་གིས་ དཔྱད་ཡིག་༦ ཆ་འཇོག་འགྲུབ་ནི་ཨིནམ་མ་ཚད་ རྒྱལ་སྤྱིའི་མཐུན་གྲོས་༢ ལུ་ རྒྱབ་སྣོན་ཆ་འཇོག་འབད་ཞིནམ་ལས་ ཤུལ་མའི་ཟླཝ་ནང་ འོང་འབབ་ཁྲལ་གྱི་ སྲིད་བྱུས་ཁུངས་ལྡན་བཟོ་ནིའི་དོན་ལུ་ གཞུང་ལུ་ དྲན་བསྐུལ་ཕུལ་ནི་ཨིན་པས།
དེ་ཡང་ སྤྱི་ལོ་༢༠༠༢ ཟླཝ་༡ པ་ལས་ བསྟར་སྤྱོད་འབད་ནི་ འགོ་བཙུགས་མི་ འོང་འབབ་ཁྲལ་གྱི་ བཅའ་ཁྲིམས་༢༠༠༡ ཅན་མ་དེ་ ཡང་བསྐྱར་བསྐྱར་ཞིབ་འབད་ཐོག་ལས་ འཕྲི་སྣོན་ཚུ་ འཕྲལ་མགྱོགས་ར་ མཛད་དགོ་པའི་ གྲོས་འཆར་ཕུལ་ནི་ཨིན་མིའི་ནང་ གཞི་རྟེན་ཁྲལ་གྱི་ ཕབ་ཆག་ཡར་སེང་འབད་དེ་ ཁྲལ་ངེས་ཏིག་བཏབ་དགོ་པའི་ཡོངས་བསྡོམས་ ལོ་རེ་ནང་ དངུལ་ཀྲམ་༡༠༠,༠༠༡ ལས་༢༠༠,༠༠༡ ལུ་དང་ འོང་འབབ་ཁྲལ་གྱི་མཐོ་ཚད་ དངུལ་ཀྲམ་༡,༠༠༠,༠༠༡ ལས་ལྷག་སྟེ་ཡོད་མི་ལས་ དངུལ་ཀྲམ་༢,༠༠༠,༠༠༠ ལས་ལྷག་སྟེ་ ཡར་སེང་འབད་དགོཔ་ཚུ་ཨིན་པས།
ད་རུང་ ཁྲལ་མཐོ་ཤོས་བཏབ་མི་ཚུ་གི་དོན་ལུ་ ད་རེས་ཀྱི་ གནས་སྟངས་ནང་ ཁྲལ་གྱི་ཚད་གཞི་བརྒྱ་ཆ་༢༥ རེ་བཏབ་ཡོད་མི་དེ་ བརྒྱ་ཆ་༣༠ ལུ་ ཡང་སེང་འབད་ནིའི་དོན་ལུ་ ཐབས་ཤེས་བཏོན་དགོཔ་དང་ ལོ་རེའི་ནང་ ཨ་ལུ་རེ་ལུ་ ཤེས་ཡོན་དང་འབྲེལ་བའི་ ཟད་འགྲོའི་གཞི་རྟེན་ཁྲལ་གྱི་ ཕབ་ཆག་དེ་ དངུལ་ཀྲམ་༥༠,༠༠༠ ལས་ གཉིས་ལྟབ་དེ་ཅིག་ལུ་ ཡར་སེང་འབད་དགོ་པའི་ གྲོས་འཆར་བཀོད་ནི་ཨིན་པས།
རྒྱལ་ཡོངས་ཚོགས་སྡེའི་ ཚོགས་ཐེངས་༩ པའི་ནང་ གསུང་གྲོས་གནང་ནིའི་ གྲོས་གཞི་ནང་ བཀོད་དོ་བཟུམ་འབད་བ་ཅིན་ འོང་འབབ་ཁྲལ་གྱི་ བཅའ་ཁྲིམས་བསྟར་སྤྱོད་འབད་དེ་ ལོ་ངོ་ཕྱེད་དང་༡༡ དེ་ཅིག་ ཡར་སོ་རུང་ བསྐྱར་ཞིབ་མ་འབད་བར་ཡོདཔ་ལས་ རྒྱལ་ཡོངས་ཚོགས་སྡེའི་ཚོགས་ཐེངས་༥ པའི་ནང་ རང་སོའི་འབབ་ཁུངས་ཁྲལ་དང་ ཤེས་ཡོན་དང་འབྲེལ་བའི་ ཟད་འགྲོ་ཚུ་ བསྐྱར་ཞིབ་འབད་དགོ་པའི་སྐོར་ གཞུང་ལུ་ གྲོས་འདེབས་ཕུལ་ཡོད་རུང་ གཞུང་གིས་ དངུལ་དང་འབྲེལ་བའི་ གནད་དོན་ཨིནམ་ལས་ ངོས་ལེན་མཛད་མ་བཏུབ་ཟེར་ཨིན་པས།
དེ་མ་ཚད་ རྒྱལ་ཡོངས་ཚོགས་སྡེ་གིས་ ཚོང་འབྲེལ་འཐབ་མི་དང་ དམིགས་བསལ་དུ་ ཚོང་འབྲེལ་གྱི་ ཐོ་ཡིག་དང་ བཙོང་ཐོ་བཞག་མ་ཚུགས་པའི་ ཚོང་ལཱ་ཆུང་བ་ཚུ་གི་ ལོ་བསྟར་གྱི་ ཡར་སེང་ཚད་གཞི་གཏན་འཁེལ་ཡོད་མི་གུ་ ད་ལྟོ་ བཀལ་སྲོལ་ཡོད་པའི་ ཚོང་འབྲེལ་འོང་འབབ་ཀྱི་ཁྲལ་འདི་ བསྐྱར་ཞིབ་འབད་དེ་ ཁུངས་ལྡན་གྱི་ ལག་ལེན་མངམ་སྦེ་ འཐབ་བཅུག་དགོ་པའི་ གྲོས་འཆར་བཀོད་ནི་ཨིན་པས།
དེ་གིས་མ་དོ་བར་ ནང་འཁོད་ལས་ཐོན་པའི་ སྒྱུ་རྩལ་དང་ ལག་བཟོའི་ཐོན་ཁུངས་ཉག་ཀྱང་གི་ ཚོང་འབྲེལ་འཐབ་མི་ཚུ་གི་དོན་ལུ་ ཚོང་འབྲེལ་གྱི་ ཁྲལ་དགོངས་ཡངས་སྤྲོད་ནི་དང་ ཕྱི་ལས་དགོས་མཁོ་ཆུང་བའི་ ཅ་ཆས་ནང་འདྲེན་འཐབ་མི་ ཚོང་འབྲེལ་པ་ཚུ་ལུ་ ཚོང་འབྲེལ་གྱི་ ཁྲལ་ཡར་སེང་འབད་ནིའི་ སྲིད་བྱུས་བརྩམ་དགོ་པའི་ གྲོས་འཆར་ཡང་ བཀོད་ནི་ཨིན་པས།
དེ་ལས་ སྲིད་བྱུས་བསྐྱར་ཞིབ་དང་འབྲེལ་བའི་ གནད་དོན་ཚུ་ནང་ རྒྱལ་ཡོངས་ཚོགས་སྡེ་གིས་ རྒྱ་གར་གྱི་ རུ་པིའི་དཀའ་ངལ་དང་ ས་ཆ་དང་འབྲེལ་བའི་ གནད་དོན་ལུ་བརྟེན་ མི་སེར་ཚུ་ལུ་ དཀའ་ངལ་བྱུང་ཡོད་པའི་སྐོར་ གསུང་གྲོས་གནང་ནི་ཨིན་པས།
ཁྲིམས་བཟོ་དང་འབྲེལ་བའི་ གནད་དོན་ཚུ་ནང་ བསྐྱར་ཞིབ་ཚོགས་ཁང་གིས་ འབྲུག་མངའ་བདག་རྒྱལ་པོའི་ རྒུད་གསོའི་མ་དངུལ་དཔྱད་ཡིག་༢༠༡༡ དང་ འབྲུག་གི་རྐྱེན་ངན་འཛིན་སྐྱོང་དཔྱད་ཡིག་༢༠༡༡ འབྲུག་གི་རིག་པའི་འབྱུང་གནས་དཔྱད་ཡིག་༢༠༡༡  འབྲུག་གི་གན་འཛིན་དཔྱད་ཡིག་༢༠༡༡ འབྲུག་གི་གདམ་ཁ་ཅན་གྱི་ འཁོན་འདུམ་དཔྱད་ཡིག་༢༠༡༡ ཅན་མ་ དེ་ལས་ རྒྱལ་ཡོངས་འཆར་དངུལ་དང་ དཔྱ་བགོའི་དཔྱད་ཡིག་༢༠༡༢-༢༠༡༣ ཅན་མ་ཚུ་ ཆ་འཇོག་གནང་ནི་ཨིན་པས།
རྒྱལ་སྤྱིའི་མཐུན་གྲོས་ཚུ་ལས་ ཀེབ་ཊོན་མཐུན་གྲོས་དང་ དེའི་དོན་འབྲེལ་གན་འཛིན་གུ་ རྒྱབ་སྣོན་ཆ་འཇོག་གནང་ནི་ཨིནམ་མ་ཚད་ སྐྱེ་ལྡན་རིགས་རྒྱུན་ཐོན་ཁུངས་ ཐོབ་སྤྱོད་དང་ མཁོ་སྤྱོད་ལས་ཐོབ་པའི་ ཁེ་ཕན་ཚུ་ འདྲ་མཉམ་དང་ རྣམ་དག་ཐོག་ མཉམ་སྤྱོད་འབད་ཐངས་ཀྱི་སྐོར་ སྐྱེ་ལྡན་རིགས་སྣའི་ མཐུན་གྲོས་ལུ་ ནཱ་གཱོ་ཡ་དཔྱད་གཞིའི་ གན་འཛིན་གུ་ རྒྱབ་སྣོན་ཆ་འཇོག་གནང་ནི་ཨིན་པས།
དེ་མ་ཚད་ ཚོགས་སྡེ་གིས་ འབྲུག་གི་རྒྱལ་དར་དཔྱད་ཡིག་༢༠༡༡ འབྲུག་གི་སྤྱི་ཚོགས་ཀྱི་ འཐུས་མིའི་ཐོབ་ཐངས་འཕྲི་སྣོན་དཔྱད་ཡིག་༢༠༡༡ ཅན་མ་༢ བསྐྱར་གྲོས་གནང་ནི་ཨིན་པས།
ཚོགས་སྡེའི་ཚོགས་ཐེངས་༩ པ་དེ་ སྤྱི་ཟླ་༧ པའི་ཚེས་༡༠ ལུ་ མཇུག་བསྡུ་ནི་དང་ སྤྱི་ཚོགས་ཐེངས་༩ པའི་ སྤྱི་ཚོགས་ལྷན་བཞུགས་དེ་ སྤྱི་ཟླ་༧ པའི་ཚེས་༡༡ ལུ་ བཀྲིས་སྨོན་ལམ་དང་བཅསཔ་སྦེ་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

No comments:

Post a Comment