གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤྱི་ཚོགས་ཀྱི་ ཚོགས་ཐེངས་༩ པ་ འགོ་བཙུགས་ཡོདཔ།

བློན་ཆེན་མཆོག་གིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ བཀྲིན་ལེགས་སོ་ཞུ་ཡི།

ཁ་ཙ་ རྒྱལ་ཡོངས་ཚོགས་ཁང་ནང་ ཚོགས་ཐེངས་༩ པ་ དབུ་འཛུགས་གནང་པའི་བསྒང་།
༉ དུས་ཡུན་ཟླ་ངོ་༡ ལྷགཔ་ཅིག་གི་རིང་ གྲོས་བསྡུར་གནང་ནི་དང་ ད་ལྟོའི སྤྱི་ཚོགས་ཀྱི་ འཐུས་མི་ཚུ་གི་དོན་ལུ་ ཚོགས་ཐེངས་མཇུག་༢ པ་ཨིན་མི་ སྤྱི་ཚོགས་དང་པའི་ ཚོགས་ཐེངས་༩ པ་དེ་ ཁ་ཙ་ལས་ འགོ་བཙུགས་གནང་ཡི།
དེ་ཡང་ བཞུགས་གྲལ་ཕུན་སུམ་ཚོགས་པའི་ རྟེན་འབྲེལ་དང་བཅསཔ་སྦེ་ དབུ་འཛུགས་གནང་མི་ སྤྱི་ཚོགས་ལྷན་བཞུགས་ཀྱི་ རྟེན་འབྲེལ་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་དབུ་གཙོས་པའི་ མི་དབང་རྒྱལ་བཙུན་མཆོག་དང་ སྐུ་འཁོར་ དེ་ལས་ རྒྱལ་ཁབ་ནང་ཡོད་མི་ འཛམ་གླིང་རྒྱལ་སྤྱི་ལས་སྡེའི་ སྐུ་ཚབ་དང་ གཞུང་གི་ཆེ་མཐོའི་འགོ་དཔོན་ཚུ་གིས་ འབྲེལ་གཏོགས་གནང་ཡི།

མི་དབང་མངའ་ཞབས་མཆོག་གིས་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་ཚུ་དང་ ཞལ་འདྲིས་གནང་པའི་བསྒང་།


སྤྱི་ཚོགས་འགོ་འབྱེད་ཀྱི་ གསུང་བཤད་ནང་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་འཇིགས་མེད་ཚུལ་ཁྲིམས་ཀྱིས་ ཚོགས་ཐེངས་༩ པའི་ནང་ དཔྱད་ཡིག་༥ དང་ རྒྱལ་སྤྱིའི་མཐུན་གྲོས་༣ ཚོགས་འདུའི་བྱ་རིམ་དང་འཁྲིལ་ གསུང་གྲོས་གནང་ནི་དང་ རྒེད་འོག་ཚོགས་སྡེ་གིས་ ཆ་འཇོག་གྲུབ་སྟེ་ རྒྱལ་ཡོངས་ཚོགས་སྡེའི་ནང་ཕུལ་མི་ དཔྱད་ཡིག་༣ དང་ རྒྱལ་ཡོངས་ཚོགས་སྡེའི་ཧོངས་ལས་ དཔྱད་ཡིག་ཁག་༢ གསུང་གྲོས་གནང་ནི་ཨིན་མི་ཚུ་ཡང་ རྒྱལ་ཡོངས་ཚོགས་སྡེའི་ ལས་རིམ་དང་འཁྲིལ་ གསུང་གྲོས་ལེགས་ཤོམ་སྦེ་གནང་བའི་ རེ་བ་ཡོད་ཟེར་གསུངས་ཡི།
ཚོགས་དཔོན་གྱིས་ གསུངས་མིའི་ནང་ འཛམ་གླིང་རྒྱལ་ཁབ་ནང་ལས་ཕར་ རང་བཞིན་རྐྱེན་ངན་གྱི་ སྟབས་བདེཝ་དང་མ་བདེཝ་ ག་དེ་སྦེ་ར་ ཐོན་ཏེ་འབད་རུང་ སྤྱིར་དཀོན་མཆོག་གསུམ་གྱི་ཐུགས་རྗེ་དང་ སྒོས་སུ་ མི་དབང་མངའ་བདག་རིན་པོ་ཆེའི་བཀྲིན་དང་ འབྲུག་མི་ཡོངས་ཀྱི་ བསོད་ནམགས་དང་ ཁ་རྗེ་ལས་བརྟེན་ རྒྱལ་ཁབ་ནང་ འདི་བཟུམ་མའི་ རྐྱེན་ངན་སྦོམ་ག་ནི་ཡང་ མ་བྱུང་རུང་ ད་རེས་ནངས་པ་ རྒྱལ་ཁབ་ནང་ རྒྱ་གར་གྱི་ རུ་པིའི་དཀའ་ངལ་ཐོན་ཡོད་མི་དེ་གིས་ མི་སེར་ལ་ལུ་ཅིག་ལུ་ དཀའ་ངལ་དུམ་གྲ་རེ་ བྱུང་སྟེ་འདུག་ཟེར་ཨིན་པས།
རུ་པིའི་དཀའ་ངལ་དེ་ འཕྲལ་མགྱོགས་སྦེ་ བསལ་ནིའི་དོན་ལུ་ གཞུང་གི་ཁ་ཐུག་ལས་ སྲིད་བྱུས་དང་ ཐབས་ཤེས་ཚུ་བཏོན་ཏེ་ ཕྱག་ལཱ་གནང་པའི་བསྒང་ཡོདཔ་བཞིན་དུ་ འདི་བཟུམ་མའི་ གནས་སྟངས་ཐོནམ་ད་ མི་སེར་ཚུ་གིས་འབད་རུང་ དུམ་གྲ་ཅིག་ གོ་ཤེས་བསམ་ཤེས་ཀྱི་ ཀུན་སློང་མཁྱེན་དགོཔ་འདི་ ཁག་ཆེ་ཟེར་ ཚོགས་དཔོན་གྱིས་གསུངས་ཡི།
འདི་བཟུམ་མའི་ དཀའ་ངལ་ཐོན་མི་དེ་གིས་ ང་བཅས་རའི་ དྲིན་ཅན་གྱི་ཕམ་ མི་དབང་འབྲུག་རྒྱལ་༤ པ་མཆོག་དང་ མི་དབང་མངའ་བདག་རིན་པོ་ཆོ་མཆོག་གིས་ འབྲུག་པའི་མི་སེར་ཚུ་ རང་གི་རྐངམ་གུ་ རང་ལོང་སྡོད་ཚུགསཔ་བཟོ་ནི་གི་དོན་ལུ་ མི་སྡེ་དཔལ་འབྱོར་དང་ གྲོང་གསེབ་ཀྱི་ འཚོ་བའི་གནས་སྟངས་ཚུ་ གོང་འཕེལ་གཏང་དགོ་པའི་ ཐུགས་ཀྱི་དགོངས་བཞེད་གནང་མི་དེ་ འགྲུབ་ཐབས་ལུ་ མི་སེར་ཚུ་གིས་ རང་གི་འཚོ་བ་ སོ་ནམ་གྱི་ལཱ་ལུ་ སྤྲོ་བ་དང་ བརྩོན་ཤུགས་ཐེབས་བསྐྱེད་དེ་ རོགས་ལས་རེ་མ་དགོཔ་བཟོ་ནི་གི་ དུས་ཚོད་ལུ་ ལྷོད་ཡོད་པའི་ རྟགས་མཚན་སྟོནམ་ཨིན་ཟེར་ ཚོགས་དཔོན་གྱིས་གསུངས་ཡི།
ཚོགས་དཔོན་གྱི་ གསུང་བཤད་ཀྱི་ཤུལ་ལས་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ བཀའ་དྲིན་ལེགས་སོའི་ གྲོས་དོན་ཕུལ་མིའི་ནང་ ཉིནམ་༤ གི་ཧེ་མར་ མི་དབང་རྒྱལ་བཙུན་ རྗེ་བཙུན་པདྨ་དབང་ཕྱུག་མཆོག་ དགུང་ལོ་༢༢ བཞེས་པའི་འཁྲུངས་སྐར་དུས་ཆེན་དེ་ རྟེན་འབྲེལ་མ་འདྲཝ་ཅིག་གི་ཐོག་ལས་ བརྩི་སྲུང་འབད་ཚུགས་མི་དེ་ཡང་ འཁྲུངས་སྐར་གྱི་ ཉིནམ་བཟང་པོ་དེ་ ཚེས་༡༥ འམ་ དུས་ཆེན་ལྔ་འཛོམས་ལུ་ ཕོག་ནི་དེ་གིས་ཨིན་ཟེར་ཞུ་ཡི།
དུས་ཆེན་ཁྱད་པར་ཅན་ཅིག་ཨིན་མི་དེ་ཡང་ ང་བཅས་ར་ཆ་ཁྱབ་ འབྲུག་རྒྱལ་ཁབ་འདི་ནང་ ད་ལྟོ་ཚུན་ཚོད་ སྐྱིད་ཏོང་ཏོ་དང་ དགའ་ཏོག་ཏོ་ དེ་ལས་ ཞི་བདེའི་ཐོག་ལུ་ སྡོད་ཚུགས་མི་དེ་ ད་ལས་ཕར་འབད་རུང་ རྒྱལ་ཁབ་འདི་ གོང་ལས་གོང་དུ་འཕེལ་ནི་གི་ རྟགས་མཚན་ཅིག་ཨིན་པས་ཟེར་ བློན་ཆེན་གྱིས་ ཞུ་ཡི།
བློན་ཆེན་གྱིས་ སྤྱི་ཚོགས་དང་པའི་ཚོགས་ཐེངས་༩ པའི་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ ཞབས་ཀྱིས་བཅགས་གནང་མི་ལུ་ བཀྲིན་ཆེ་ཟེར་ ཞུ་བའི་ཁར་ མི་དབང་མཆོག་གིས་ ད་ཚུན་གྱི་བར་ན་ སྤྱི་ཚོགས་ཀྱི་ ཚོགས་ཐེངས་དང་པ་ལས་ ཚར་ཅིག་ཡང་མ་ཆད་པར་ བྱོན་གནང་ཡོདཔ་མ་ཚད་ བཀའ་སློབ་བཟང་པོ་གནང་མི་ལུ་བརྟེན་ ག་ནི་བ་གལ་ཆེ་བའི་ སྲིད་བྱུས་དང་ ཁྲིམས་བཟོའི་གསུང་གྲོས་ནང་ གནམ་མེད་ས་མེད་ཕན་ཐོགས་བྱུང་ཡི་ཟེར་ཞུ་ནི།
བློན་ཆེན་གྱིས་ ཚོགས་དམངས་ལུ་ གནས་ཚུལ་དང་འདྲཝ་སྦེ་ ཞུ་མིའི་ནང་ སྤྱི་ཚོགས་་དང་ རྒྱལ་གཞུང་གི་ གནས་ཡུན་དེ་ ལོ་༡ ལས་བརྒལ་མེད་རུང་ ཁྲིམས་བཟོ་དགོཔ་དང་ གཞུང་གི་ཁ་ཐུག་ལས་ མི་སེར་གྱི་ འཚོ་བའི་གནས་སྟངས་ཡར་དྲག་བཟོ་ནིའི་དོན་ལུ་ མི་སྡེ་དཔལ་འབྱོར་གོང་འཕེལ་དང་འབྲེལ་བའི་ ལཱ་འབད་དགོཔ་མང་རབས་ཅིག་ཡོད་ཟེར་ཨིན་པས།
སྤྱི་ཚོགས་ཀྱི་ འཐུས་མི་ཡོངས་དང་ གཞུང་ ལྷན་རྒྱས་གཞུང་ཚོགས་ ཞི་གཡོགཔ་ཆ་མཉམ་ར་ ཤུལ་མའི་ལོ་༡ གི་རིང་ལུ་ ལཱ་མང་ཧད་རྫོགསཔ་ཅིག་ ག་དེ་སྦེ་ མཇུག་བསྡུ་ཚུགས་ག་ཟེར་ ཚ་གྱང་སྦོམ་སྦེ་ ལང་ཡོད་རུང་ ང་བཅས་ཀྱིས་ ཅི་ལྕོགས་གང་ལྕོགས་ཀྱི་ཐོག་ལས་ ལཱ་རྩ་འགེངས་འབད་དོ་ཟེར་ བློན་ཆེན་གྱིས་ ཞུ་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

No comments:

Post a Comment