གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གནོད་འབུབ་དང་ ཐན་པ་ཟུང་འབྲེལ་ཐོག་ ཨེ་མ་ཚུ་ མེདཔ་བཏང་ཡོདཔ།

དང་པ་ར་ གནོད་འབུབ་ཚུ་གིས་ ཨེ་མ་ཤིང་ཚུ་ བཟའ་བའི་ཤུལ་ལུ་ ཆར་ཆུ་དཀོན་ནི་དེ་གིས་ བཏོག་རན་མི་ ཨེ་མ་ཚུ་ སྐམ་སོ་ནུག།

ཝང་རིང་མོ་ལུ་ གནོད་འབུབ་དང་ ཐན་པ་གིས་ གནོད་སྐྱོན་རྐྱབ་མི་ཨེ་མ་ཚུ།
༉ སོ་ནམ་གྱི་ལཱ་ འུ་སྡུག་སི་སི་སྦེ་འབད་བའི་ འབྲས་བུ་སྨིན་རན་པའི་ དུས་ཚོད་ནང་ར་ བཀྲིས་གཡང་རྩེ་རྫོང་ཁག་ ཕུ་གཡང་དང་ ཝང་རིང་མོ་ལུ་ ཨེ་མ་འཛུགས་སྐྱོང་འབད་མི་ཚུ་ལུ་ དབུགས་འགམ་པའི་ གཞི་གནད་ཅིག་ལུ་ གྱུར་ཡོདཔ་ཨིན་པས།


དེ་ཡང་ གནོད་འབུབ་དང་ ཆར་ཆུ་མེད་པར་ ཟླ་ངོ་༡ ལྷགཔ་ཅིག་གི་རིང་ གནམ་གཤིས་གནས་སྟངས་ ཐན་སྐམ་སྦེ་ གནས་མི་དེ་གིས་ སོ་ནམ་ཞིང་པའི་ ཁྱིམ་གུང་༧༠ ལྷགཔ་ཅིག་གི་ ཨེ་མ་ཞིང་ཨེ་ཀར་༢༠ དེ་ཅིག་ མེདཔ་བཏང་ཡོདཔ་ཨིན་པས།
སོ་ནམ་གྱི་ ལཱ་འབད་མི་ ཚེ་ཆུང་གིས་ སླབ་མིའི་ནང་ གནོད་འབུབ་ཚུ་ ཨེ་མ་ཞིང་ཚུ་ནང་ ཁྱབ་སྤེལ་སོང་སྟེ་ ཨེ་མ་ཤིང་ཡོད་རིགས་ཡོད་ཚད་གཅིགཔ་ལུ་ འབུབ་རྐྱབ་སྟེ་ མེདཔ་བཏང་ཡོད་ཟེར་ཨིན་པས།
གནོད་འབུབ་ཚུ་གིས་ ཨེ་མ་ཤིང་ཚུ་ལུ་ གནོད་སྐྱོན་རྐྱབ་པའི་ཤུལ་ལས་ར་ ཆརཔ་རྐྱབ་ནི་མེད་པར་ ཉིམ་ཤརཝ་ཤར་ས་ར་ སྡོད་ནི་དེ་གིས་ ཧེ་མ་ལས་ར་ འབུབ་རྐྱབ་མི་ ཨེ་མ་ཤིང་ཚུ་ ཧེང་སྐལ་ར་ མེདཔ་བཏང་ཡོདཔ་ལས་ དཀའཝ་སྤྱད་དེ་ ལཱ་འབད་མི་དེ་ འཕྲོ་བརླག་ཡར་སོ་ཡི་ཟེར་ ཁོ་གིས་ སླབ་ཨིན་པས།
གནོད་སྐྱོན་དེ་ཡང་ ཨེ་མ་ཚུ་ བཏོག་མ་རན་པའི་ བདུན་ཕྲག་དག་པ་ཅིག་གི་ཧེ་མར་ རྐྱབ་ཡོདཔ་ཨིན་པས།
ང་བཅས་ཀྱིས་ ཨེ་མ་ཚུ་ ཕོད་ཙེ་འབུབ་ཀྱིས་ གནོདཔ་མ་བཀལ་བའི་ཧེ་མར་དང་ ཐོག་ངོ་མ་བསྡུ་མ་རན་པའི་ཧེ་མར་ ལན་ཐེངས་གསུམ་དེ་ཅིག་ ཕྱི་སེལ་རྐྱབ་ཐོག་ལས་ ཨེ་མ་ཁུག་མི་ཚུ་ བཏོག་ནི་ཡོད་རུང་ ཨེ་མ་བསྡུ་ནི་གི་ དུས་ཚོད་ངོ་མ་ར་ སྤྱི་ཟླ་༦ པའི་ནང་ཨིནམ་མ་ཚད་ འོང་འབབ་ཡང་ ཟླཝ་འདི་ནང་བཟོཝ་ཨིན་ཟེར་ སོ་ནམ་པ་ ནོར་བུ་གིས་ སླབ་ཨིན་པས།
དེ་ཡང་ མདོ་གསུམ་ཁྲོམ་ལས་ ཀི་ལི་མི་ཊར་༧ དེ་ཅིག་གི་ས་ཁར་ཡོད་མི་ ཡ་ལང་རྒེད་འོག་ ཕུ་གཡང་གཡུས་ཚན་དང་ རམ་འཇར་རྒེད་འོག་ ཝང་རིང་མོའི་ གྲོང་གསེབ་མི་སེར་ཚུ་གིས་ རང་སོའི་ཨེ་མ་ཚུ་ ཉེ་འདབས་ཀྱི་ རྫོང་ཁག་ཚུ་ནང་ བཙོང་ཐོག་ལས་ ལོ་རེའི་ནང་ འབབ་ཁུངས་དམའ་ཤོས་ དངུལ་ཀྲམ་༣༠,༠༠༠ དེ་རེ་ བཟོ་དོ་ཡོདཔ་ཨིན་པས།
ཨིན་རུང་ དུས་ཅིའི་ལོ་ནང་ གྲོང་གསེབ་མི་སེར་མང་ཤོས་ཅིག་གིས་ འབབ་ཁུངས་དངུལ་ཀྲམ་༦,༠༠༠ ལས་༩,༠༠༠ གི་བར་ན་མ་གཏོགས་ ཐོབ་མ་ཚུགས་པས།
ད་ལྟོ་ ཞིང་ནང་ཡོད་མི་ ཨེ་མ་འབུབ་རྐྱབ་མི་དང་ ཐན་ཤུགས་ཀྱིས་ གནོད་སྐྱོན་རྐྱབ་མི་ཚུ་ལས་ ཏི་རུ་ལེབ་གཅིག་ཡང་ འཐོབ་ནི་གི་ རེ་བ་མེད་ཟེར་ སོ་ནམ་པ་ གསང་པོ་གིས་ སླབ་ཨིན་པས།
མ་གཞི་ ཨེ་མ་ཤིང་ཚུ་ལུ་ འབུབ་རྐྱབ་ནི་ཡོདཔ་ལས་ ཆརཔ་རྐྱབ་ད་ འཕྱག་བདའ་ནི་ཡོད་རུང་ ཆརཔ་མེད་པར་ གནམ་གཤིས་གནས་སྟངས་ ཚ་ཏོག་ཏོ་སྦེ་ གནས་ནི་དེ་གིས་ གནོད་འབུབ་ཚུ་ ཧེང་སྐལ་ར་ དར་ཁྱབ་ཡར་སོ་ཡི་ཟེར་ ཝང་རིང་མོ་ལས་ འཆི་མེད་དབང་མོ་གིས་ སླབ་ཨིན་པས།
ད་རེས་ནངས་པ་ ཨེ་མ་གསརཔ་བཀྲམ་སྤེལ་མར་བབས་སོང་མི་དང་བསྟུན་ ཉེ་འདབས་ཀྱི་ ཁྲོམ་ཚུ་ནང་ ཨེ་མའི་གོང་ཚད་ཡང་སེང་སོང་ཡོད་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment