གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སཱུན་ཀོཤི་གློག་མེ་ལས་འགུལ་ དུས་ཅི་གི་ལོ་ནང་ འགོ་བཙུག་ནི།

འབྲུག་དང་ རྒྱ་གར་གྱི་ངོ་ཚབ་ཚུ་ གློག་མེ་ལས་འགུལ་ཚུ་གི་སྐོར་ལས་ ཞལ་འཛོམས་འཚོགས་པའི་བསྒང་།
༉ ཁ་ཙ་ འབྲུག་གཞུང་དང་ རྒྱ་གར་གྱི་ ངོ་ཚབ་ཚུ་གི་བར་ན་ འབྲུག་ལུ་ གློག་མེ་ལས་འགུལ་ཚུ་ དུས་ཚོད་ཁར་ འགོ་བཙུག་ནིའི་སྐོར་ལས་ ཞལ་འཛོམས་ཅིག་ འཚོགས་མི་དང་བསྟུན་ཏེ་ ད་རེས་ཀྱི་གནས་སྟངས་ནང་ རྒྱལ་ཁབ་ནང་ གློག་མེ་ལས་འགུལ་ སྦོམ་ཤོས་ཅིག་ཨིན་མི་ སཱུན་ཀོཤི་གློག་མེ་ལས་འགུལ་དེ་ དུས་ཅི་ར་ འགོ་བཙུག་ནི་སྦེ་ ཐག་བཅད་ཡོདཔ་ཨིན།


ཨིན་རུང་ ལས་འགུལ་དེ་ འགོ་བཙུག་ནིའི་དོན་ལུ་ རྒྱ་གར་གྱི་ས་ཁོངས་ནང་ སྣུམ་འཁོར་ལམ་ཚུ་ ལེགས་ཤོམ་སྦེ་ བསལ་དགོཔ་མ་ཚད་ ལས་འགུལ་གྱི་ས་ཁོངས་ནང་ཡང་ སྣུམ་འཁོར་ལམ་དང་ ཟམ་ཚུ་ཡང་ རྐྱབ་དགོཔ་ཡོད་མི་ཚུ་ འཕྲལ་ར་ འགོ་བཙུག་ནི་ཟེར་ཨིན་པས།
དེ་བཟུམ་སྦེ་ ན་གཞོན་ཚུ་ལུ་ ལཱ་གཡོག་བྱིན་ནིའི་དོན་ལུ་ ས་གནས་ནང་ གློག་མེའི་སྦྱོང་བརྡར་སྤེལ་ཁང་ཅིག་ བཟོ་སྐྲུན་འབད་ནིའི་དོན་ལུ་ ཞིབ་འཚོལ་འབད་དོ་ཡོདཔ་བཞིན་དུ་ དེ་གི་དོན་ལུ་ ཟད་འགྲོ་ཚུ་ཡང་ ག་དེམ་ཅིག་གནས་རུང་ བྱིན་ནི་སྦེ་ ཐག་བཅད་ཡོདཔ་ཨིན་པས།
བསྟན་རྒྱས་བློན་པོ་ མཁའ་འགྲོ་དབང་ཕྱུག་གིས་འབད་བ་ཅིན་ ད་ལྟོ་ཚུན་ གློག་མེ་ལས་འགུལ་༣ འགོ་བཙུགས་ཡོད་པའི་གུ་ སཱུན་ཀོཤི་ཡང་ འགོ་བཙུག་ནི་སྦེ་ ཐག་བཅད་ཚར་ཡི་ཟེར་ གསུངས་ཡོདཔ་ད་ གཞན་མི་ གློག་མེ་ལས་འགུལ་༥ གི་དོན་ལུ་ ཞིབ་འཚོལ་གྱི་ལཱ་ཚུ་ དུམ་གྲ་ཅིག་ མཇུག་མ་བསྡུ་བར་ཡོདཔ་ལས་ དེ་ལུ་ གནང་བ་ཚུ་ཡང་ ག་དེ་མགྱོགས་མགྱོགས་ སྤྲོད་ཐོག་ལས་ འབད་ཚུགས་པ་ཅིན་ དུས་ཅི་ར་ འགོ་བཙུག་ཚུགས་ནི་དང་ དེ་མེན་རུང་ སང་ཕོད་ འགོ་བཙུག་ཚུགསཔ་སྦེ་ར་ འབད་ནི་གི་ གྲོས་ཐག་བཅད་ཡི་ཟེར་ཨིན་པས།
འབྲུག་དང་ རྒྱ་གར་གྱི་ ལས་སྡེ་གཞན་ཚུ་ མཉམ་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་ནི་ཨིན་མི་ གློག་མེ་ལས་འགུལ་༤ དེ་ཅིག་ཡོད་མི་ཚུ་གི་སྐོར་ལས་ཡང་ གསུང་གྲོས་ཚུ་གནང་སྟེ་ ཆིངས་ཡིག་གུ་མཚན་རྟགས་ ཚ་ཉེར་བཏོན་ཏེ་ བཀོད་ནི་ཟེར་ཨིན་པས།
ཨིན་རུང་ གན་རྒྱ་དེ་ནང་ འབྲུག་དང་ རྒྱ་གར་གྱི་ ལས་སྡེ་ཚུ་གི་བར་ན་ ཁ་འཆམ་མ་ཚུགས་པའི་ གནད་དོན་དག་པ་ཅིག་ཡོདཔ་ལས་ བསྟན་རྒྱས་ལྷན་ཁག་གི་ དྲུང་ཆེན་དང་ རྒྱ་གར་གྱི་ གློག་མེའི་ཡོངས་ཁྱབ་དྲུང་ཆེན་༢ ཀྱིས་ གཞུང་༢ ཀྱི་སྐུ་ཚབ་སྦེ་ ལས་སྡེ་ཚུ་གི་བར་ནའི་ དཀའ་ངལ་ཚུ་ བསལ་དགོཔ་སྦེ་ སླབ་ཅི་ཟེར་ བསྟན་རྒྱས་བློན་པོ་གིས་ གསུངསམ་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁ་འཆམ་མ་ཚུགས་པའི་ དཀའ་ངལ་ཚུ་བསལ་ཏེ་ ད་རེས་ཀྱི་ཟླཝ་ མཇུག་མ་བསྡུཝ་ལས་ར་ གན་རྒྱ་གུ་ མཚན་རྟགས་བཀོད་ནི་སྦེ་ གྲོས་ཐག་བཅད་ཡི་ཟེར་ཨིན་པས།
རྒྱ་གར་དང་ འབྲུག་གི་ལས་སྡེ་ཚུ་གིས་ མཉམ་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་ནིའི་ ལས་འགུལ་༤ ཡོད་མི་ཚུ་ཡང་ ཁོ་ལོང་ཆུ་དང་ ལྕམ་མཁར་ཆུ་ བུ་ན་ཆུ་ དེ་ལས་ ཝང་ཆུ་ཚུ་ཨིན་པས།
དེ་དང་གཅིག་ཁར་ སྤུ་ན་གཙང་ཆུ་༢ པའི་སྐོར་ལས་ཡང་ ཞལ་འཛོམས་ཅིག་ འགོ་འདྲེན་འཐབ་ཡོདཔ་ད་ དེ་ནང་ འབྲུག་པའི་ན་གཞོན་ ལཱ་འབད་མི་ཚུ་ལུ་ ལཱ་གཡོག་གི་གོ་སྐབས་ ག་དེ་སྦེ་ བྱིན་དོ་ཡོདཔ་ཨིན་ནའི་སྐོར་ལས་ གྲོས་བསྡུར་འབད་བའི་སྐབས་  ལས་འགུལ་ནང་ ལཱ་འབད་མི་༥༦༦ ལས་༥༢༢ འབྲུག་མི་ཚུ་ཨིནམ་ལས་ ངལ་རངས་བྱུང་ཡི་ཟེར་ཨིན་པས།
དེ་དང་འཁྲིལ་ཏེ་ ད་ལས་ཕར་འབད་རུང་ ལཱ་གི་གོ་སྐབས་ཚུ་ འཕྲོ་མཐུད་དེ་ར་ འབྲུག་པའི་ ན་གཞོན་ཚུ་ལུ་ བྱིན་དགོ་པའི་སྐོར་ལས་ སླབ་ཅི་ཟེར་ བསྟན་རྒྱས་ལྷན་ཁག་གི་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།
སྤུ་ན་གཙང་ཆུའི་ ལས་འགུལ་༢ པའི་དོན་ལུ་ ཁག་འབག་གི་ ཆེ་རིམ་ལཱ་ཚུ་ མང་ཤོས་ར་ རིན་བསྡུར་འབད་དེ་ ཁག་འབགཔ་ཚུ་ལུ་ སྤྲོད་ཚར་ཡོདཔ་ཨིན་རུང་ ད་རུང་ འཕྲུལ་ཆས་སྦོམ་ཚུ་ ཉོ་དགོཔ་ཡོདཔ་ལས་ རྒྱ་གར་གྱི་ལས་སྡེ་ བྷེལ་ཟེར་མི་ལུ་ དངུལ་ཀྲམ་ས་ཡ་༩,༠༠༠ དེ་ཅིག་གནས་པའི་ འཕྲུལ་ཆས་བཟོ་ནིའི་ལཱ་ཚུ་ ཐག་བཅད་དེ་ སྤྲོད་ཡོདཔ་ཨིན་པས།
བསྟན་རྒྱས་བློན་པོ་གིས་འབད་བ་ཅིན་ ན་ཧིང་གི་ལོ་ནང་ལས་ སྤུ་ན་གཙང་ཆུའི་ ལས་འགུལ་༢ པ་དེ་ འགོ་བཙུགས་ཡོདཔ་བཞིན་དུ་ ད་ལྟོ་ཚུན་ ལཱ་ཚུ་ དུས་མཐུན་སྦེ་ འགྱོ་དོ་ཡོདཔ་ལས་ སེམས་དགའ་ཡི་ཟེར་ཨིནམ་ད་ སྤྱི་ལོ་༢༠༡༦ དང་༢༠༡༧ ལུ་ ལས་འགུལ་༢ ཆ་ར་ ཧ་ལམ་ དུས་མཉམ་སྦེ་ར་ བསྒྲུབ་ཚུགས་པའི་ འཆར་གཞི་རྩམ་དོ་ཟེར་གསུངས་ཡི།
དེ་མ་ཚད་ རྒྱ་གར་གྱི་ངོ་ཚབ་ཚུ་གིས་ རྒྱ་གར་གཞུང་གིས་ འབྲུག་ལུ་ དགོས་མཁོ་ཆེ་བའི་ མ་དངུལ་གྱི་རྒྱབ་སྐྱོར་ཚུ་ ག་དེ་དྲག་དྲག་ འབད་འོང་ཟེར་ སླབ་ནི་དེ་གིས་ སེམས་དགའ་ཡི་ཟེར་ཨིན་པས།
བློན་པོ་གིས་ སྤུ་ན་གཙང་ཆུའི་ ལས་འགུལ་༡ པ་དང་༢ པ་ དེ་ལས་ མང་སྡེ་ཆུ་གློག་མེ་ལས་འགུལ་ཚུ་བཟུམ་སྦེ་ གློག་ཤུགས་མེ་ག་ཝཱཊ་༢,༥༠༠ ཐོན་སྐྱེད་འབད་ནི་ཨིན་མི་ སཱུན་ཀོཤི་གློག་མེ་ལས་འགུལ་དེ་ཡང་ རྒྱ་འབྲུག་༢ ཀྱི་ གཞུང་ཚུ་གིས་ འགོ་འདྲེན་འཐབ་ནི་སྦེ་ གྲོས་ཐག་བཅད་ཡི་ཟེར་ གསུངས་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment