གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་མཁའ་འགྲུལ་གྱི་འོང་འབབ་ བརྒྱ་ཆ་༡༠༤ ཡར་སེང་།

༉ འབྲུག་མཁའ་འགྲུལ་ལས་འཛིན་གྱིས་ ན་ཧིང་གི་ལོ་ནང་ འོང་འབབ་ལེགས་ཤོམ་སྦེ་ བཟོ་ཚུགས་མི་དེ་རྩིསཝ་ད་ འདས་པའི་ལོ་༦ དེ་ཅིག་ འཕྲོ་མཐུད་དེ་ར་ ཁེ་འབབ་ཐོག་ ལག་ལེན་འཐབ་ཚུགས་ཅི་ཟེར་ ལོ་བསྟར་སྙན་ཞུ་༢༠༡༡ ནང་ གསལ་བཀོད་འབད་ནུག།


དེ་ཡང་ སྤྱི་ལོ་༢༠༡༠ ལུ་ ལས་འཛིན་གྱིས་ ཁྲལ་བཏབ་པའི་ཤུལ་ལུ་ ཁེ་སང་ངོ་མ་ དངུལ་ཀྲམ་ས་ཡ་༡༢༥.༤༨ བཟོ་མི་དང་ཕྱདཔ་ད་ ན་ཧིང་གི་ལོ་ནང་ དངུལ་ཀྲམ་ས་ཡ་༢༥༥.༧༥༥ ཁེ་སང་བཟོ་ཚུགས་ནི་དེ་གིས་ ལས་འཛིན་གྱི་འོང་འབབ་ནང་ བརྒྱ་ཆ་༡༠༤ ཡར་སེང་སོང་ཡོདཔ་ཨིན་པས།
དེ་ཡང་ གཙོ་བོ་ར་ ཧེ་མའི་ ལོ་དང་ཕྱདཔ་ད་ གནམ་གྲུའི་འཕུར་འགྲུལ་གྱི་ གྱངས་ཁ་དང་ འགྲུལ་པ་ཚུ་གི་ གྱངས་ཁ་དེ་ ལེ་ཤ་གིས་ ཡར་སེང་སོང་བའི་ཁར་ དོས་དང་ འགྲེམ་ཡིག་སྐྱེལ་འདྲེན་འབད་མིའི་ གྱངས་ཁ་དེ་ཡང་ ཡར་སེང་འགྱོ་མི་ལུ་བརྟེན་ཨིན་པས།
སྤྱི་ལོ་༢༠༡༠ ལུ་ འཕུར་འགྲུལ་ཐེངས་༢,༥༠༨ འབད་ཐོག་ འགྲུལ་པ་༡,༣༢,༦༡༥ སྐྱེལ་འདྲེན་འབད་མི་དང་ཕྱདཔ་ད་ ན་ཧིང་གི་ལོ་ནང་ འཕུར་འགྲུལ་ཐེངས་༣,༠༦༡ འབད་ཐོག་ འགྲུལ་པ་༡,༦༦,༢༦༤ སྐྱེལ་འདྲེན་འབད་ཡོདཔ་ད་ སྤྱི་ལོ་༢༠༡༠ ལུ་ དོས་ཀེ་ཇི་༤༡༦,༡༦༨ དང་ འགྲེམ་ཡིག་ཀེ་ཇི་༧༠,༣༧༥ སྐྱེལ་འདྲེན་འབད་མི་དང་ཕྱདཔ་ད་ ན་ཧིང་ དོས་ཀེ་ཇི་༦༢༧,༡༤༥ དང་ འགྲེམ་ཡིག་ཀེ་ཇི་༨༠,༦༢༥ སྐྱེལ་འདྲེན་འབད་ཡོདཔ་ཨིན་པས།
འོང་འབབ་ཡོངས་བསྡོམས་ལས་འབད་བ་ཅིན་ སྤྱི་ལོ་༢༠༡༠ ལུ་ དངུལ་ཀྲམ་ས་ཡ་༡,༧༠༤.༣༦༡ བཟོ་མི་དང་ཕྱདཔ་ད་ ན་ཧིང་དངུལ་ཀྲམ་ས་ཡ་༢,༢༦༡.༢༨༨ བཟོ་ཚུགས་མི་དེ་ བརྒྱ་ཆ་༣༣ དེ་ཅིག་ ཡར་སེང་སོང་ཡོདཔ་ཨིན་པས།
འཕུར་འགྲུལ་དང་ སྐྱེལ་འདྲེན་གྱི་གྱངས་ཁ་ ཡར་སེང་འབད་ཚུགས་མི་དེ་ གཙོ་བོ་ར་ ན་ཧིང་ སྤྱི་ཟླ་༤ པའི་ནང་ལས་ གནམ་གྲུ་ཐེབས་ཅིག་ གླ་ཁར་ལེན་ཐོག་ལས་ འཕུར་འགྲུལ་འགོ་བཙུགས་ནི་དེ་གིས་ཨིན་པས།
ན་ཧིང་ ཁེ་འབབ་ཡར་སེང་འགྱོ་དགོ་པའི་ གནད་དོན་གཅིག་ ཌོ་ལར་གྱི་ གནས་གོང་ཡར་སེང་འགྱོ་མི་ལུ་བརྟེན་ཨིན་པས།
དེ་ཡང་ ཌོ་ལར་གྱི་ གནས་གོང་ཁྱད་པར་ལུ་བརྟེན་ སྤྱི་ལོ་༢༠༡༠ ལུ་ དངུལ་ཀྲམ་ས་ཡ་༢༡.༣༤ བཟོ་མི་དང་ཕྱདཔ་ད་ ན་ཧིང་ དངུལ་ཀྲམ་ས་ཡ་༤༡.༣༤ འོང་འབབ་བཟོ་ཡོདཔ་ཨིན་པས།
ལོ་༦ དེ་ཅིག་ འོང་འབབ་ལེགས་ཤོམ་བཟོ་ཚུགས་མི་ལུ་བརྟེན་ ཧེ་མ་ གྱོང་རྒུད་ཕོག་མི་ཚུ་ཡང་ བདེ་སྒྲིག་འབད་ཚུགསཔ་ལས་ སྤྱི་ལོ་༢༠༡༡ གི་ ཟླཝ་༡༢ པ་ཚུན་ ལས་འཛིན་གྱི་ གསོག་འཇོག་ནང་ དངུལ་ཀྲམ་ས་ཡ་༡༠༢.༧༩ བཟོ་ཡོདཔ་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment