གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁྱིམ་རྐྱབ་མི་དེ་ རང་དབང་ས་ཆ་ནང་ཨིན་མིན་གྱི་ཞིབ་དཔྱད།

༢༡/༠༦/༢༠༡༢   ༉ དགེ་ལེགས་ཕུག་དྲུང་ཁག་ འཇིགས་མེད་ཆོས་གླིང་རྒེད་འོག་ནང་ ཁྱིམ་གསུམ་ གཞུང་ས་དང་ སྣུམ་འཁོར་གྱི་ གཞུང་ལམ་ལས་ ཕིཊ་༥༠ འི་ནང་འཁོད་ལུ་ ཚུད་ཡོད་མི་ལུ་བརྟེན་ བརྡལ་བཤུབ་འབད་དགོ་པའི་ བཀའ་རྒྱ་གནང་མི་དེ་ལུ་ ཁ་ཙ་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱིས་ གསར་སྤང་རྫོང་ཁག་བདག་སྐྱོང་ལུ་ ཁྱིམ་ཚུ་ ཉམས་རྒུད་པའི་ རང་དབང་ཁྲམ་ནང་ཡོད་པའི་ ས་ཆ་ནང་རྐྱབ་ཡོདཔ་ ངེས་བདེན་ཨིན་མིན་ ས་ཁོངས་ནང་ དབྱེ་ཞིབ་ཅིག་ རྐྱབ་དགོ་པའི་ ཡི་གུ་ཅིག་ བསྐྱལ་བཏང་ནུག།


དེ་ཡང་ དགེ་ལེགས་ཕུག་དྲུང་ཁག་བདག་སྐྱོང་གིས་ སྤྱི་ཟླ་༦ པའི་ཚེས་༡༥ ལས་ ཁྱིམ་དེ་གསུམ་གྱི་ གློག་མེའི་མཐུན་རྐྱེན་ཚུ་ བཏོག་བཏང་ཡོདཔ་མ་ཚད་ ཁྱིམ་བརྡལ་གཏང་དགོ་པའི་ ཞག་དུས་བདུན་ཕྲག་༡ བྱིན་མི་དེ་ ནངས་པ་ཚང་ནི་ཨིནམ་ལས་ ཁྱིམ་གྱི་ཇོ་བདག་༢ ཀྱིས་ ཁོང་གི་ཁྱིམ་ཚུ་ རང་དབང་ཁྲམ་ནང་ རྐྱབ་ཡོདཔ་ལས་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱིས་ ཞིབ་དཔྱད་ཅིག་ མཛད་གནང་ཟེར་ ཞུ་མི་དང་བསྟུན་ རྫོང་ཁག་བདག་སྐྱོང་ལུ་ ཡི་གུ་བསྐྱལ་ཡོདཔ་ཨིན་པས།
རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱི་ དྲུང་ཆེན་གྱིས་ མིང་རྟགས་བཀོད་ཐོག་ལས་བསྐྱལ་མི་ ཡི་གུའི་ནང་ འཇིགས་མེད་ཆོས་གླིང་གི་ རྒཔོ་བགྲེསཔ་ཚེ་རིང་དབང་འདུས་དང་ ཁྱི་ན་མ་ཡ་གུ་རུང་༢ ཀྱིས་ ཁོང་གི་ཁྱིམ་ཚུ་ ཁོང་རའི་རང་དབང་ཅན་གྱི་ ས་ཆའི་ནང་ སྔོན་དང་ཕུ་ལས་ར་ རྐྱབ་ཡོདཔ་སྦེ་ གསལ་ཞུ་འབད་ཡོདཔ་བཞིན་དུ་ ལམ་གྱི་བཅའ་ཁྲིམས་མ་ཐོན་པའི་ སྔ་གོང་ལས་ གནང་བ་ཞུ་སྟེ་རྐྱབ་མི་ ཁྱིམ་ཨིན་པ་ཅིན་ ཁྱིམ་གྱི་རྒུད་འཐུས་ཐོབ་ལམ་གྱི་ འོས་འབབ་ཡོད་རུང་ དེ་སྐོར་ རྫོང་ཁག་ལས་ དབྱེ་ཞིབ་མཐིལ་ཕྱིན་ཐོག་ ཁྲིམས་མཐུན་དང་ལེན་མཛད་དགོཔ་སྦེ་ གསལ་བཀོད་འབད་ནུག།
སྤྱི་ལོ་༢༠༠༤ ལུ་ ཆ་འཇོག་གྲུབ་མི་ ལམ་གྱི་བཅའ་ཡིག་དང་འཁྲིལ་བ་ཅིན་ འཁོར་ལམ་གྱི་ སྦུག་ལས་རྩིས་ཏེ་ ཕིཊ་༥༠ འི་ནང་འཁོད་ ཁྱིམ་རྐྱབ་མ་ཆོགཔ་ལས་ དེ་ནང་རྐྱབ་མི་ ཁྱིམ་དེ་ བརྡལ་བཤུབ་གཏང་དགོཔ་མ་ཚད་ ཆུ་ཞིང་ནང་ཨིན་པ་ཅིན་ སྡོད་ཁྱིམ་རྩ་ལས་ར་ རྐྱབ་མ་ཆོགཔ་ཨིན་པས།
རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ ས་ཁྲམ་ནང་ བལྟ་བ་ཅིན་ ཚེ་རིང་དབང་འདུས་དང་ ཁྱི་ན་མ་ཡ་གུ་རུང་གཉིས་ཆ་ར་ལུ་ ཁྲིམས་མཐུན་གྱི་ ས་ཁྲ་དང་བཅས་ ཁྲམ་ཨང་དང་ གུང་ཨང་ཚུ་ཡོད་རུང་ ཁྱིམ་ཚུ་ ཁོང་རའི་ས་ཆ་ནང་ རྐྱབ་ཡོད་མེད་ བརྟག་ཞིབ་ཐོག་ གཏན་འཁེལ་བཟོ་དགོཔ་ཡོདཔ་ལས་ ལྷན་ཚོགས་ཀྱིས་ གསར་སྤང་རྫོང་བདག་ལུ་ དབྱེ་ཞིབ་འབད་དགོ་པའི་ ཡི་གུ་བསྐྱལ་མི་ཡང་ གནད་དོན་དེ་ལུ་བརྟེན་ཨིན་ཟེར་ཨིན་པས།
དྲུང་ཁག་བདག་སྐྱོང་གིས་འབད་བ་ཅིན་ ཁྱིམ་ཚུ་ གཞུང་ས་ནང་ ཚུལ་མིན་གྱི་སྒོ་ལས་ རྐྱབ་ཡོདཔ་མ་ཚད་ ལམ་གྱི་ནང་འཁོད་ལུ་ ཚུད་མི་ལུ་བརྟེན་ བརྡལ་བཤུབ་གཏང་དགོ་པའི་ བརྡ་བསྐུལ་འབད་ཡོད་རུང་ ངོས་ལེན་འབད་མ་བཏུབ་ཟེར་ཨིནམ་ད་ འཕྲལ་ཁམས་ཅིག་ཁར་ དྲུང་པ་པདྨ་དབང་འདུས་ཀྱིས་ ཀུན་གསལ་ལུ་ སླབ་མིའི་ནང་ ཁྱིམ་གྱི་ཇོ་བདག་ཚུ་གིས་ ཞག་དུས་བྱིན་མིའི་ནང་ ཁྱིམ་བཤུབ་མ་བཏུབ་པ་ཅིན་ དྲུང་ཁག་གི་ ཁ་ཐུག་ལས་ འཕྲུལ་ཆས་ཚུ་བཙུགས་ཏེ་ བརྡལ་གཏང་ནི་ཟེར་ཨིནམ་ད་ དེ་སྦེ་ ངོས་ལེན་འབད་དགོ་མི་དེ་ཡང་ ཆེ་མཐོའི་དབང་འཛིན་གྱི་ བཀའ་རྒྱ་དང་འཁྲིལ་ཏེ་ཨིན་ཟེར་ སླབ་ཡོདཔ་ཨིན།
དུས་ཅི་ སྤྱི་ཟླ་༤ པའི་ཚེས་༣༠ ལུ་ རྒྱལ་པོའི་གཟིམ་དཔོན་ཡིག་ཚང་གི་ ཁྲིམས་དོན་སྡེ་ཕྲན་གྱིས་ ཆེ་མཐོ་ཁྲིམས་འདུན་ལུ་ མངའ་བདག་རྒྱལ་པོའི་བཀའ་རྒྱ་དང་འཁྲིལ་ སྤྱི་ལོ་༢༠༠༩ ཟླཝ་༤ པའི་ཚེས་༢༣ གྱི་ འཁྲུན་ཆོད་དེ་ བསྟར་སྤྱོད་ཀྱི་དོན་ལུ་ བཀའ་རྒྱ་ཅིག་ བཏོན་དགོ་པའི་ ཡི་གུ་ཅིག་ ཕུལ་མི་དང་འཁྲིལ་ ཆེ་མཐོ་ཁྲིམས་འདུན་གྱིས་ ཁྱིམ་ཚུ་ བཤུབ་དགོ་པའི་ བཀའ་རྒྱ་བཏོན་པའི་ཤུལ་ལས་ དྲུང་ཁག་བདག་སྐྱོང་གིས་ ཁྱིམ་གྱི་ཇོ་བདག་ཚུ་ལུ་ ཁྱིམ་བརྡལ་བཤུབ་འབད་ནིའི་ ཞག་དུས་བདུན་ཕྲག་༣ བྱིན་ཡོདཔ་ཨིན་པས།
དེ་འབདཝ་ད་ ཞག་དུས་ནང་ བརྡལ་བཤུབ་འབད་མ་བཏུབ་མི་ལུ་བརྟེན་ དེ་ཚེ་ རེས་གཟའ་སྤེན་པ་ལས་ གློག་མེ་བཏོག་བཏང་ཡོདཔ་ཨིན་པས།
ཁོ་རའི་ཁྲམ་ཡང་༡༥༧ ནང་ ཐོག་ཚད་༢ འབད་མི་ རྩི་སའི་ཁྱིམ་གྱི་ཇོ་བདག་ རྒཔོ་བགྲེསཔ་ཚེ་རིང་དབང་འདུས་ཀྱིས་ སླབ་མིའི་ནང་ ཁོང་ལུ་ ཁེ་རྒུད་མ་བཏུབ་མིའི་ གནད་དོན་གཙོ་བོ་ར་ རང་དབང་ས་ཆ་ནང་རྐྱབ་མི་ཁྱིམ་དེ་ ལམ་གྱི་ཕིཊ་༥༠ ནང་ཚུདཔ་ཨིནམ་ ངེས་བདེན་ཨིན་པ་ཅིན་ ལམ་གྱི་བཅའ་ཁྲིམས་དང་འཁྲིལ་ ཁྱིམ་བརྡལ་ཆོག་ཆོ་ཡོད་རུང་ གཞུང་ས་ནང་ ཚུལ་མིན་གྱི་སྒོ་ལས་ རྐྱབ་མིའི་གྲངས་སུ་ བརྩི་འཇོག་འབད་ནི་དེ་གིས་ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གུང་ཨང་པ་-༨-༤༣༢ འབད་མི་ཁྱིམ་དེ་ སྤྱི་ལོ་༡༩༨༤ ལུ་ ཁོང་རའི་ རང་དབང་ཅན་གྱི་ས་ཆ་ཨེ་ཀར་༢.༠༦ ནང་ རྐྱབ་ཡོདཔ་ལས་ སྤྱི་ལོ་༡༩༨༨ ལུ་ རྫོང་ཁག་གིས་ ལམ་གྱི་ཕིཊ་༥༠ ནང་རྐྱབ་མ་ཆོག་པའི་ ས་ཁོངས་ནང་རྐྱབ་ནུག་ཟེར་ ཉོགས་བཤད་བཀོད་དེ་ རྫོང་ཁག་ཁྲིམས་འདུན་ལུ་ བཏང་ཡོདཔ་བཞིན་དུ་ མི་དབང་འབྲུག་རྒྱལ་༤ པ་མཆོག་གི་ བཀའ་རྒྱ་དང་འཁྲིལ་ ཁྲིམས་འདུན་གྱིས་ གནས་སྐབས་ཅིག་ ཁྱིམ་བཤུབ་མ་དགོ་པའི་ ཁྲིམས་ཀྱི་བཀའ་རྒྱ་ཅིག་ སྤྱི་ཚེས་༢༢/༢/༡༩༨༨ ལུ་ བཏོན་གནང་ཡི་ཟེར་ཨིན་པས།
དེ་འབདཝ་ད་ ལམ་གྱི་བཅའ་ཁྲིམས་དེ་ རྫོང་ཁག་ཆ་མཉམ་ནང་ གཅིག་མཚུངས་སྦེ་ ལག་ལེན་འཐབ་པ་ཅིན་ ཁོ་གི་ ཁྱིམ་དེ་ཡང་ བཤུབ་དགོཔ་འོང་ཟེར་ ཁྲིམས་ཀྱི་བཀའ་རྒྱ་ནང་ བཀོད་དེ་ཡོད་ཟེར་ ཁོ་གིས་ སླབ་ཡོདཔ་ད་ དེ་བསྒང་ གཞུང་ལམ་ལས་ ཕིཊ་༣༠ ནང་འཁོད་ལུ་ ཁྱིམ་རྐྱབ་མ་ཆོགཔ་སྦེ་ཡོད་པའི་ཁར་ ཕིཊ་༥༠ དགོ་པའི་ལམ་ལུགས་དེ་ སྤྱི་ལོ་༢༠༠༤ ལུ་ ལམ་གྱི་བཅའ་ཁྲིམས་ཆ་འཇོག་གྲུབ་ད་ འགོ་བཙུགས་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ལོ་ངོ་༢༦ གི་རྒྱབ་ལས་ སྤྱི་ལོ་༢༠༠༩ ཟླཝ་༥ པའི་ཚེས་༡༩ ལུ་ འཇིགས་མེད་ཆོས་གླིང་གི་ རྒཔོ་གིས་ ཁོ་རའི་ཁྱིམ་རྩིས་དེ་ གཞུང་ས་ནང་རྐྱབ་མི་༡༥ བརྡལ་དགོ་པའི་ བཀའ་རྒྱ་ཅིག་བཏོན་ཡི་ཟེར་ཨིནམ་ད་ དེ་བསྒང་ དྲུང་ཁག་གིས་ ཁྱིམ་དག་ཅིག་ བཤུབ་བཏང་ཡོདཔ་ཨིན་པས།
ཁྱི་ན་མ་ཡ་གུ་རུང་གི་བུམོ་ ད་མཱན་ཏི་ གུ་རུང་གིས་འབད་བ་ཅིན་ ཁོང་གི་ཁྱིམ་དེ་ སྤྱི་ལོ་༡༩༧༤ ལུ་ ཁོང་རའི་རང་དབང་ཅན་གྱི་ ས་ཁྲམ་ཡང་༡༧༧ འབད་མིའི་ནང་ རྐྱབ་ཡོདཔ་ལས་ སྤྱི་ལོ་༢༠༠༩ ཚུན་ དཀའ་ངལ་ག་ནི་ཡང་ མ་ཐོན་ཟེར་ཨིན་པས།
ཨིན་རུང་ སྤྱི་ལོ་༢༠༠༩ ཟླཝ་༥ པའི་ཚེས་༡༩ ལུ་ རྒེད་འོག་བདག་སྐྱོང་ལས་འབྱོར་མི་ ཡི་གུའི་ནང་ ང་བཅས་ཀྱི་ཁྱིམ་དེ་ གཞུང་ས་དང་ དགེ་ལེགས་ཕུག་-ཀྲོང་གསར་གྱི་ གཞུང་ལམ་ལས་ ཕིཊ་༥༠ གི་ནང་ན་ཚུདཔ་ལས་ བརྡལ་བཤུབ་གཏང་དགོཔ་སྦེ་ བཀོད་ནུག་ཟེར་ ད་མཱན་ཏི་ གུ་རུང་གིས་ བཤདཔ་ཨིན་པས།
ཉམས་རྒུད་པ་ཚུ་གིས་འབད་བ་ཅིན་ ད་རེས་ ཨ་ལུ་ཚུ་ ཆོས་རྒྱུགས་རྐྱབ་པའི་ ནམ་དུས་ལུ་ དྲུང་ཁག་བདག་སྐྱོང་གིས་ གློག་མེ་བཏོག་བཏངམ་ལས་ སྟབས་མ་བདེཝ་སྦོམ་སྦེ་ར་ ཐོན་ཏེ་ཡོདཔ་མ་ཚད་ ནངས་པ་ལས་ ཁོང་གི་ཁྱིམ་ཚུ་ བརྡལ་གཏང་པ་ཅིན་ ག་ཏེ་ལུ་ སྡོད་ནི་ཨིན་ན་ སེམས་ལུ་བཟེད་མ་ཚུགས་པའི་ ཚ་གྱང་དང་ སྡུག་བསྔལ་ཕོག་སྟེ་ཡོད་ཟེར་ཨིན་པས།
ཨིན་རུང་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱིས་ རྫོང་ཁག་བདག་སྐྱོང་ལུ་ ཞིབ་དཔྱད་འབད་དགོ་པའི་ བཀའ་རྒྱ་གནང་ཡོདཔ་ལས་ ཁོང་ལུ་ དྲང་ཁྲིམས་ཐོབ་ཚུགས་པའི་ རེ་བ་ཡོད་ཟེར་ ཉམས་རྒུད་པ་ཚུ་གིས་ བཤདཔ་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

No comments:

Post a Comment